Monday, December 31, 2018

རོ་ལངས་མི་རབས་དྲ་ཚིགས་རྩོམ་སྒྲིག་པས་སྤེལ།




ཀློག་པ་པོ་རྣམ་པར་ཞུ་རྒྱུར།


ང་ཚོ་རོ་ལངས་མི་རབས་ནི་སྟོང་ལོ་བཅུ་དགུའི་ནང་འཇིག་རྟེན་འདིར་རོ་ལངས་བརྒྱབས་པ་ཡིན། ཐོག་མའི་སྟ་གོན་དང་། གོམ་པ་དང་པོའི་གནས་སྐབས་འདིར་དེ་ཙམ་གྱིས་སྒྲ་འགྲིག་པོ་ཞིག་བྱུང་མེད་ཀྱང་སྲིད། གང་ལྟར་འདི་ནི་འགོ་བཙུགས་པ་ཡིན་པ་ལས། མཇུག་བསྡུས་པ་གཏན་ནས་མིན། ཡར་རྒྱས་ནི་མཐའ་མེད་སྟབས་ང་ཚོས་ཀྱང་དེའི་ལམ་བུར་སྙེག་པར་འབད་རྩོན་བྱེད་བཞིན་པའོ།།

ཐུགས་ལ་འདོགས་དགོས་པའི་དོན་ཚན་འགའ་ཞིག

༡༽ དྲ་ཚིགས་འདིའི་ནང་ད་ལྟའི་ཆར་ལེ་ཚན་ལ་ཆ་བཞག་ན། ང་ཚོའི་སྐོར། སྙན་ངག། བརྩམས་སྒྲུང་། རྩོམ་དཔྱད། གནས་ཚུལ་གསར་པ་བཅས་ལྔ་ཙམ་ལས་མ་གཏོགས་བཟོ་ཐུབ་མེད་ནའང་། རྗེས་སུ་བསྒྱུར་རྩོམ་དང་། ངོ་སྤྲོད། བཅར་འདྲི་སོགས་ལེ་ཚན་གང་མང་ཞིག་གྲ་སྒྲིག་བྱེད་རྩིས་ཡོད།

༢༽ ང་ཚོའི་དྲ་ཚིགས་འདིའི་ནང་རྩོམ་ཡིག་གསར་པ་དངོས་སུ་སྤེལ་བའི་དུས་ཚོད་ནི། བདུན་རེའི་གཟའ་མཇུག་འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་གྱི་གུང་སེང་ཉིན་གཉིས་ཀྱི་ནང་ཡིན།

༣༽ ང་ཚོའི་དྲ་ཚིགས་འདིའི་ནང་དགའ་སྐྱོ་ཆགས་སྡང་རང་བཞིན་ཅན་གྱི་རྩོམ་ཡིག་གབ་སྦས་དང་། དམར་རྗེན་ཅི་འདྲ་ཞིག་ཀྱང་སྤེལ་སྲིད་པས། ཀློག་པ་པོ་ཁྱོད་ཀྱིས་རྩོམ་རིག་ཅིག་ཡིན་པའི་ཆ་ནས་དང་། རྩོམ་པ་པོའི་ཚོར་བ་གློ་བུར་བ་ཞིག་གམ། རྩོམ་རིག་གི་མཛེས་པ་ཞིག་གི་ངོས་ནས་དང་།
སྨྲ་བརྗོད་རང་དབང་དང་སྨྱུག་རྩེ་གར་བསྒྱུར་ཡིན་པའི་འདུ་ཤེས་ཅན་གྱི་སྒོ་ནས་ཀློག་དགོས་པ་ལས། ཟོལ་ཟོག་དང་གཡོ་སྒྱུའི་འཇིག་རྟེན་རྫུས་མ་འདིའི་ནང་། ད་དུང་ཁྱོད་ཀྱིས་བདེན་པར་བཟུང་ནས་ཕུང་དཀྲུག་གིས་ཡང་དཀྲུག་བྱས་ཏེ་རྫུས་མའི་སྒང་ལ་རྫུས་མ་སྣོན་པ་རྒྱག་པ་ནི། ཁྱོད་རང་ངལ་བའི་རྒྱུ་ལས་མེད་པས། དེ་བས་ང་ཚོའི་དྲ་ཚིགས་ནང་བཀོད་པའི་རྩོམ་ཡིག་རྣམས་རྩོམ་རིག་གི་མཛེས་པ་ཞིག་ཡིན་པའི་ཆ་ནས་ཀློག་རོགས། གོ་བདེ་པོས་བཤད་ན་ཡ་མེད་ཚ་པོའི་ངང་ནས་ཀློག་རོགས། གལ་ཏེ་གོ་རྒྱུ་ཡོད་ན་ཁྱོད་རང་ལ་བློ་བསྐྱེད་ཐོབ་པ་ཡིན་ནོ།།



དྲ་ཚིགས་འདིའི་ཁ་བྱང་ནི་གཤལ་གསལ་དེ་ཡིན།
https://thapkhe.blogspot.com


ང་ཚོ་རོ་ལངས་མི་རབས་ཀྱི་སྐད་ཆ་དང་། རྩ་དོན། ལྟ་ཚུལ།


རོ་ལངས་མི་རབས་ཀྱི་ཐོག་མའི་སྐད་ཆ།
འཛམ་གླིང་རྩོམ་རིག་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ན། ནུབ་ཕྱོགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གནའ་བོའི་ཧོ་མའི་ལོ་རྒྱུས་སྙན་ངག་དང་། ཀེ་རི་སིའི་གནའ་རབས་ཀྱི་ལྷ་སྒྲུང་ནས་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་གི་དེང་རབས་རིང་ལུགས་ཕྱི་མའི་རྩོམ་རིག་གི་གྲུབ་མཐའ་བར་གྲུབ་མཐའ་བཞི་བཅུ་ལྷག་གི་དར་འཕེལ་རྒུད་གསུམ་གྱི་ལོ་རྒྱུས་ཡོད།
རྒྱ་ནག་ནང་ལའང་རྒྱའི་རྩོམ་རིག་གནའ་རབས་དང་དེང་རབས་སོ་སོར་ལོ་རྒྱུས་ཡོད་ཅིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ས་མཚམས་བཞེད་ཚུལ་ལ་མཁས་པ་སོ་སོར་ཅུང་མི་མཐུན་པ་ཙམ་ཡོད་ནའང་། གང་ལྟར་བོད་ལ་རྩོམ་རིག་ལོ་རྒྱུས་ཡོད་ཁར། ལྷག་ཏུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་རྩོམ་རིག་ལོ་རྒྱུས་གསར་པའི་ཤོག་ལྷེ་ཞིག་ཡོད་གྲུབ་པ་རེད།
འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཐོག་གི་གྲུབ་མཐའ་མི་འདྲ་བ་སོ་སོའི་རྩོམ་པ་པོའི་སྡེ་ལའང་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ། རྩོམ་རིག་གི་རིན་ཐང་ལྟ་ཚུལ་མི་འདྲ་བ་ཡོད་པ་བཞིན། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ལའང་། མི་རབས་དང་པོ་དང་། མི་རབས་གཉིས་པ། མི་རབས་གསུམ་པ་ལྟ་བུའི་སྙན་ངག་པའི་དཔུང་སྡེ་ཞིག་བྱུང་མྱོང་བ་རེད།

དང་པོ།
དེས་ན་ང་ཚོའི་ཐོག་མའི་དམིགས་ཡུལ་ལྟར་ནའང་། ལྟ་བ་དང་ལང་ཕྱོགས་མི་འདྲ་བ། རྩོམ་རིག་གི་རིན་ཐང་ལྟ་ཚུལ་མི་འདྲ་བ་རེེ་བཟུང་ནས། ད་ཡོད་ཀྱི་དུས་རབས་དང་སྤྱི་ཚོགས་འདི་ལ་ངོས་འཛི་གསར་པ་ཞིག་དང་། རིན་ཐང་གི་ཚད་གཞི་བསྐྱར་དུ་འཇལ་འདོད་པ་ཡིན།

གཉིས་པ།
ང་ཚོས་དེ་ལྟར་བྱེད་པ་ནི་རྩོམ་རིག་རང་ངོས་ཀྱི་མངོན་སྟངས་ཤིག་ཡིན་ལ། རྩོམ་རིག་རང་གིས་རང་ཉིད་ལ་སྒལ་ཚིགས་ཡོད་དུ་འཇུག་པ་ཡིན། ཡང་ན། འདིར་སྣང་གི་འཇིག་རྟེན་ལ་ངོས་འཛིན་བྱེད་སྟངས་ཤིག་དང་། འུར་སློང་བ་ཡིན། 

རོ་ལངས་མི་རབས་ཀྱི་རྩ་དོན།

༡༽ ང་ཚོའི་རྩོམ་རིག་གི་མཛེས་པ་ནི་བྷོ་དི་ལེར་གྱི་ལངས་ཕྱོགས་ལྟར། མི་སྡུག་པའི་གསེང་ནས་མཛེས་པ་མངོན་སྟངས་ཤིག་ཡིན།
 ༢༽ ང་ཚོའི་རྩོམ་རིག་གི་ལངས་ཕྱོགས་ནི་དྲང་ལྡོག་གཉིས་ཀ་ནས་ཡིན།
༣༽  ང་ཚོའི་རྩོམ་རིག་གི་ལངས་ཕྱོགས་ནི་རང་ཉིད་མངོན་སྟངས་ཤིག་ཡིན།
༤༽ ང་ཚོའི་རྩོམ་རིག་གི་ལངས་ཕྱོགས་ནི་མི་རིགས་ཤིག་གི་སྲོག་རྩ་སྟེ་སྐད་ཡིག་ཡིན།
༥༽ ང་ཚོའི་རྩོམ་རིག་གི་ལངས་ཕྱོགས་ནི་དུས་རབས་དང་སྤྱི་ཚོགས་ལ་ལྟོས་གྲུབ་ཡིན་པས། དུས་རབས་དང་སྤྱི་ཚོགས་ཀྱི་ངོ་གདོང་ལ་བལྟས་ནས་འཕར་ལྡིང་དང་གཡོ་སྐྱོམ་བྱེད་ཆོག་པ་ཡིན།



རོ་ལངས་མི་རབས་ཀྱི་ལྟ་ཚུལ།
དང་པོ།
འདིར་སྣང་གི་འཇིག་རྟེན་གྱི་སྣང་ཚུལ་ཡོད་ཚད་གསོག་སོབ་དང་སྒྱུ་མ། ཚུལ་ཆོས། ཟློས་གར་གྱི་རང་བཞིན་ཡིན། མི་རེ་རེའི་ངོ་གདོང་ལ་གདོང་འབག་གིས་གཡོགས་ཡོད།

གཉིས་པ།
ང་ཚོས་ཅར་ལི་སི་བྷོ་དི་ལེར་དང་། ཁོང་གི་སྡིག་པའི་མེ་ཏོག་ཡང་བསྐྱར་རོ་ལངས་རྒྱག་པར་བསྒུགས་ཡོད། ང་ཚོས་དོན་གྲུབ་རྒྱལ་དང་ཁོང་གི་སྤྲུལ་སྐུ། རྐང་ལམ་ཕྲ་མོ་བཅས་ལ་ངང་སྒུག་བྱས་ཡོད། ང་ཚོས་རྒྱ་ཡི་སྙན་ངག་པ་ཧེ་ཙི་མཐོང་ནས་ཡོད།

གསུམ་པ།
ང་ཚོའི་སྙན་ངག་གི་སྐད་ཆས། འཁོར་བ་དང་མྱང་འདས། འཇིག་རྟེན་དང་ཆོས་པ་རོ་ལངས་རྒྱག་ཏུ་འཇུག་འདོད།

བཞི་པ།
ང་ཚོའི་སྙན་ངག་གི་སྐད་ཆ་འདོད་ཞེན་དང་ཆགས་སྲེད། གདུག་རྩུབ་དང་ཕྲག་དོག གཡོ་སྒྱུ་དང་འཕྲལ་འཕྲུལ་བཤད་དེ། འཇིག་རྟེན་གྱི་ཤུན་པ་བཤུས་ནས་དམར་རྗེན་དུ་འབུད་རྩིས་ཡིན།

ལྔ་པ།
ང་ཚོའི་ལྟ་བ་ལྷ་དང་འདྲེ། བཙན་དང་བདུད། ཟ་བྱེད་དང་འཕྲོག་བྱེད་གང་ལས་ཀྱང་མཐུ་སྲིད་ནའང་། ཀུན་སྤྱོད་ནི་འདིར་སྣང་གི་འཇིག་རྟེན་རྫུས་མ་ལྟར། ཚུལ་འཆོས་ཁོ་ན་ཡིན་ཏེ། ཚུལ་འཆོས་ཀྱིས་ཚུལ་འཆོས་ནམ་ཞིག་དམར་བཤུ་བྱེད་ཐུབ་པས་སོ།།













དབུ་ཁྱུད།

ཚོར་བའི་མེ་ལྕེའི་རླབས་རིས་འཕྱུར་ནས་ཡོང་།།
སྣང་བའི་འཇིག་རྟེན་རྒོད་པོ་བརྡལ་ནས་ཡོང་།།
སེམས་ཀྱི་དབྱངས་རྟའི་ཆུ་བོ་བྲུག་ནས་ཡོང་།།
སྟོང་ཁམས་སྣང་བ་ཡལ་ཡོལ་བརྒལ་ནས་ཡོང་།།


སྟོང་ལོ་བཅུ་དགུའི་གདོང་ལྤགས་དབྲལ་ནས་འགྲོ།།
སྙིང་ཁམས་གདུས་པའི་དུག་ཆུ་བསྐོལ་ནས་འགྲོ།།
ནང་ཁྲོལ་ཚལ་བ་ཚལ་བུར་དྲུད་ནས་འགྲོ།།
མུན་པའི་སེང་རས་ཐལ་བར་བསྲེགས་ནས་འགྲོ།།
1/1/2019






ར་བཱིནྡྲ་ནཱ་ཐ། ཋཱ་ཀུར་གྱི་སྙན་ངག་ཚན་པ་གཅིག བཀླགས་འགྲེལ་དང་། ཕྲན་དཔྱད།





སྙན་ངག་པ།

"ཨཱ། སྙན་ངག་པ། མཚན་གྱི་དུས་ཟིན་ལ་ཉེ་ཞིང་། ཁྱེད་ཀྱི་དབུ་སྐྲ་སྐྱ་བོར་ལོག་ཅིང་མཆིས།
"ཁྱེད་ཀྱིས་ཁེར་རྐྱང་གི་མནོ་བསམ་ལས་ཚེ་ཕྱི་མའི་གནས་ཚུལ་དེ་ཐོས་སམ།?"
"ད་ནི་མཚན་མོའོ་"སྙན་ངག་པས་བཤད་རྒྱུར་"གྲོང་གསེབ་དེ་ནས་མི་ཞིག་གིས་འབོད་སྲིད་ངེས་སྙམ་ཞོར།
དེ་ནི་ཅི་ཙམ་འཕྱི་བོར་འོང་སྲིད་ནའང་། བདག་གིས་ཉན་ཞིང་མཆིའོ།།
"ངས་ལྷན་འཛོམས་མ་བྱུང་ཞིང་ན་གཞོན་པའི་སེམས་པ་དེ་དག་མཉམ་དུ་འཛོམས་མིན་དང་།
སྐོམ་པ་ཆེན་པོའི་མིག་ཟུང་ཆ་གཉིས་ཀྱིས་ཁོང་ཚོའི་ལྷིང་འཇགས་དཀྲོགས་པ་དང་།
ཁོང་ཚོའི་ཚབ་ཏུ་སྐད་ཆ་བཤད་སླད་རོལ་དབྱངས་ལ་རེ་འབོད་ཞུ་མིན་ལ་ཅེར་ཞིང་མཆིའོ།།
"གལ་ཏེ་ང་རང་ཚེ་སྲོག་གི་འཇུག་ངོགས་སུ་བསྡད་དེ། འཆི་བ་དང་ཚེ་ཕྱི་མར་སེམས་ལས་བྱས་ན།
སུ་ཞིག་ནི་གནས་དེ་རུ་ཁོང་ཚོའི་བརྩེ་གདུང་གི་གླུ་གཞས་འཐག་མཁན་ཡིན།?

"ས་སྲོད་ཀྱི་སྐར་མ་ཡལ་ཞིང་གདའ།
"གཤིན་ཆོག་སྲེག་ཤིང་གི་དམར་མདངས་ནི་དབེན་འཇགས་ཀྱི་གཙང་འགྲམ་ནས།
ཁད་ཀྱིས་ཤི་སོང་ལ།
"ཟླ་འོད་ཟད་པོའི་ཀློང་གི་ཁང་སྟོང་དེའི་ཁྱམས་ར་ལས་ཅེ་སྤྱང་གི་ཚོགས་སྡེབ་ཀྱིས་ངུ་སྔངས་བྱེད་ཅིང་མཆི།
"གལ་སྲིད་འཁྱམས་པོ་རྣམས་ཁྱིམ་དང་བྲལ་ནས་གནས་འདི་རུ་མཚན་མོར་བལྟ་བ་དང་། མུན་ནག་གི་ཤབ་ཤུབ་ལ་མགོ་བསྒུར་ཏེ་ཉན་དུ་འོང་བ་ལ།
གལ་ཏེ། ངས་སྒོ་རྣམས་བརྒྱབས་ནས་རང་ཉིད་མི་རྟག་པའི་འཆིང་ཐག་ལས་གྲོལ་རྩིས་བྱེད་པ་འོས་ན།
སུ་ཞིག་ནི་གནས་དེ་རུ་ཁོང་གི་རྣ་བར་ཚེ་སྲོག་གི་གསང་བ་ལྐོག་ལབ་བྱེད་མཁན་ཡིན།

"ངའི་མགོ་སྐྲ་དཀར་པོར་གྱུར་པ་ནི་ཅང་མ་ལགས།
"ང་ནི་ནམ་ཡང་གྲོང་གསེབ་ཀྱི་གཞོན་ཤོས་ལྟར་གཞོན་ལ་རྒན་ཤོས་བཞིན་རྒན་པའོ།།
"མི་ཁ་ཤས་ལ་བབ་ཆགས་དང་ཡིད་དུ་འོང་བའི་མཛུམ་མདངས་ལྡན་ཞིང་།
"ཁ་ཅིག་གི་མིག་ལ་གཡོ་ཟོལ་གྱི་འོད་མདངས་མངའ།
ཁ་ཅིག་ལ་ཉིན་དཀར་མོར་མིག་ཆུ་འཁོར་ཞིང་།
འགའ་ཤས་ཀྱི་སྤྱན་ཆབ་མུན་ནག་ཏུ་བསྐུངས་ནས་ཡོད།
ཁོང་ཚོར་གདོན་མི་ཟ་བར་ང་རང་མཁོ་བས།
བདག་ལ་ཚེ་ཕྱི་མར་སྟོང་བསམ་བྱེད་ཁོམ་མི་གདའ་ལགས།
"ང་རང་སུ་དང་ཡང་ན་ཟླ་ཡིན་པས། བདག་གི་སྐྲ་ལོ་སྐྱ་བོར་གྱུར་བར་ནོངས་པ་ཅི།?"

ཟླ་བ་གཞོན་ནུས་བསྒྱུར་པའི་༼མེ་ཏོག་ཕྲེང་རྒྱུད།༽(The Gardener) ཚན་པ་གཉིས་པ་ལས་བཤུས།


བཀླགས་འགྲེལ་དང་ཕྲན་དཔྱད།

ཐོག་མའི་སྐད་ཆ།
དོན་དམ་པའི་སྙན་ངག་གི་སྐད་ཆ་ནི་མི་རིགས་ཤིག་གི་ཆེས་ཚད་མཐོ་བའི་སྒྱུ་རྩལ་གྱི་སྐད་ཆ་དང་། སྐད་ཆའི་ཉིང་ཁུ་ཡིན་ལ། དེ་འཆད་མཁན་གྱི་སྙན་ངག་པ་ཡང་མི་རིགས་དང་སྤྱི་ཚོགས་ཤིག་གི་མགྲིན་ཚབ་པ་དང་། གདོང་མཆོང་པ། སྣེ་ཤན་པ་བཅས་ཡིན། དེས་ན་དོན་དམ་པའི་སྙན་ངག་པ་ཞིག་ཡིན་ན་ཁོ་དང་ཁོས་བཤད་པའི་སྐད་ཆ་ལ་ལངས་ཕྱོགས་དང་འགན་ཁྲི་ཞིག་དགོས་པ་ནི་མ་མཐའི་ས་མཚམས་རེད།
དེས་ན་ང་ཚོས་ཀྱང་དེ་འདྲ་ཞིག་ལ་འཚོལ་སྙེག་བྱེད་བཞིན་ཡོད། གཤམ་དུ་ང་ཚོའི་ཚབ་མཚོན་རུང་བའི་སྙན་པ་ངག་པ་ཞིག་དང་། ཁོང་གི་སྙན་ངག་བཀླགས་ཆོག།

བརྩེ་གདུང་གི་འཇིག་རྟེན། སྙན་ངག་པའི་འགན་ཁྲི།
གོང་གི་སྙན་ངག་གི་ཚན་པ་དང་པོ།
འདིར་སྣང་འཇིག་རྟེན་གྱི་འཚོ་བའི་རྩ་བ་ནི་བྱམས་པ་དང་བརྩེ་བ་ཡིན། བྱམས་པ་དང་བརྩེ་བས་དངོས་ཡོད་འཇིག་རྟེན་ལ་ཁ་དོག་བྱུགས་ཏེ་བཀྲག་མདངས་འཚེར་བར་བྱས་ཡོད། དོན་དམ་པའི་སྙན་ངག་པ་འདིས་ཀྱང་འདིར་སྣང་འཇིག་རྟེན་གྱི་འཚོ་བའི་རྩ་བ་སྟེ་བྱམས་པ་དང་བརྩེ་བ་ལ་འཇུས་འདུག
ས་སྲོས་ཀྱི་ཡོལ་བ་ནག་པོ་མིག་མདུན་གྱི་བྱ་དངོས་ཡོད་དོ་ཅོག་ལ་གཡོགས་ནས་མཚན་གྱི་དུས་ཟིན་ལ་ཉེ་ནའང་། དབུ་སྐྲ་དུང་ལྟར་དཀར་པོར་གྱུར་པའི་སྙན་ངག་པ། ད་དུང་ཚེ་ཕྱི་མའི་ཆེད་དུ་བསམ་ལོང་མེད་པར་ཅི་ཞིག་ལ་བསྒུགས་ཤིང་ཉན་ནས་འདུག།
ད་ལྟ་ལྷན་འཛོམས་མ་བྱུང་བའི་ན་གཞོ་ཕོ་མོའི་སེམས་པ་དེ་དག་མཉམ་དུ་འཛོམས་མིན་ལ་སེམས་ཚེགས་ཀྱིས་ཅེར་ཞིང་། ན་གཞོན་ཕོ་མོ་ཕན་ཚུན་མཛའ་གཅུགས་ཀྱི་བརྩེ་སེམས་འཁྲེང་ནའང་ཅི་ཞིག་གིས་བར་དུ་ཆོད་ཡོད་པས་ཁོང་ཚོའི་ཚབ་ཏུ་སྐད་ཆ་བཤད་སླད་དུ། སྙན་ངག་པའི་རོལ་དབྱངས་ལ་རེ་འབོད་ཞུ་མིན་ལ་ཉན་ནས་འདུག
གལ་ཏེ་ཁོ་རང་གི་ཚེ་སྲོག་གི་འཇུག་ངོགས་སུ་བསྡད་དེ། འཆི་བ་དང་ཚེ་ཕྱི་མ་ཁོ་ནར་སེམས་ལས་བྱས་ན། སུ་ཞིག་ནི་གནས་དེ་རུ་ཁོང་ཚོའི་བརྩེ་གདུང་གི་གླུ་གཞས་འཐག་མཁན་ཡིན། དེས་ན་སྙན་ངག་པ་རང་ངོས་ནས་བཤད་ན་འཆི་བ་ནི་མཛེས་སྡུག་ཅིག་དང་། ཡང་ན་རྨི་ལམ་ཙམ་ལས་ཅི་ཡང་ཡིན་མི་སྲིད།

ཚེ་སྲོག་གི་གསང་བ། སྙན་ངག་པའི་འགན་ཁྲི།
གོང་གི་སྙན་ངག་གི་ཚན་པ་གཉིས་པ།
མིའི་རིགས་ཀྱི་ཚེ་སྲོག་གི་གསང་བ་དངོས་གནས་པོ་དེ་མ་རྙེད་པ་དེ་སྲིད་དུ། མི་ནི་འཇིག་རྟེན་འདིའི་སྟེང་དུ་ཡུལ་ཡུལ་པོ། འཁྱམས་པོ་ཞིག་མིན་ནམ།
ད་ལྟ་ས་སྲོས་ཀྱི་སྐར་མ་ཡལ་ཞིང་། འཆི་བས་ཟིན་པའི་ཕུང་པོ་བསྲེགས་ཤུལ་གྱི་སྲེག་ཤིང་གི་དམར་མདངས་ཀྱང་ཁུ་སིམ་པའི་གཙང་འགྲམས་ན་ཁད་ཀྱིས་ཤི་སོང་ལ། ལྕེ་སྤྱང་གི་ཚོགས་ཀྱིས་ངུ་སྔངས་བྱེད་འགོ་བཙུགས། ཚེ་སྲོག་གི་གསང་བ་མ་རྙེད་པའི་ཁྱམས་པོ་རྣམས་རང་ཁྱིམ་དང་བྲལ་ནས་མཚན་ངོགས་སུ་འདུར་བ་ནི་འཇིག་རྟེན་གྱི་སྣང་ཚུལ་ཅི་འདྲའི་འཇིགས་སྐྲག་དང་། ཡུལ་ཡུལ་པོའི་སྣང་བརྙན་སྐྱ་པོ་ཞིག་རེད་ཨང་།
འོན་ཀྱང་ཚེ་སྲོག་གི་གསང་བ་རྙེད་པའི་དོན་དམ་པའི་སྙན་ངག་པ་འདི་ནི་མཚན་ངོགས་སུ་འདུར་བའི་འཁྱམས་པོ་ཚོའི་རྣ་བར་ཚེ་སྲོག་གི་གསང་བའི་རོལ་དབྱངས་ཤིག་དཀྲོལ་བའམ། ཚེ་སྲོག་གི་གསང་བའི་ལྐོག་ལབ་ཅིག་རྒྱག་པར་འཆི་བའི་འཇིགས་སྐྲག་ལ་ཅི་མི་སྙམ་པར་ས་སྲོས་ཀྱི་ཁ་ན་དལ་ལྷོད་དེར་བཞུགས་པ་འདིས། དོན་དམ་པའི་སྙན་ངག་པའི་འགན་ཁྲི་ནི་ཅི་ཞིག་ཡིན་པ་མཚོན་ནམ།

དགའ་སྐྱོའི་མིག་ཆུ། སྙན་ངག་པའི་འགན་ཁྲི།
གོང་གི་སྙན་ངག་ཚན་པ་གསུམ་པ།
དོན་དམ་པའི་སྙན་པ་འདིའི་ངོས་ནས་བཤད་ན། འཆི་བ་དང་ཚེ་ཕྱི་མ་ཞེས་པ་ནི་རྨི་ལམ་ཙམ་ཞིག་ཏུ་མཐོང་ཡོད་པས། ཁོའི་མགོ་སྐྲ་དཀར་པོར་གྱུར་པ་ནི་ཅང་མ་ལགས་སོ། །འོན་ཀྱང་སྙན་ངག་པའི་འགན་ཁྲི་ནི་གྲོང་གསེབ་ནང་གི་གཞོན་ཤོས་ལྟར་གཞོན་ནུ་ཡིན་ལ། རྒན་ཤོས་ལྟར་རྒན་པ་ཡང་ཡིན་ཏེ། རྒྱུ་མཚན་ནི་ཆ་མི་སྙོམས་པའི་འཇིག་རྟེན་འདིའི་ནང་འགྲོ་བ་མིའི་རིགས་ཁ་ཤས་ནི་བབ་ཆགས་ལ་ཡིད་དུ་འོང་བའི་འཛུམ་མདངས་ལྡན་ཅིང་། འགའ་ཞིག་ལ་གཡོ་ཟོལ་གྱི་མིག་མདངས་ལྡན། ལ་ལར་ཉིན་དཀར་མོའི་དུས་སུའང་མིག་ཆུ་ཡོད་ཅིང་། ལ་ཤས་ལ་ཚེ་སྲོག་གི་ཕ་རོལ་ན་མིག་ཆུ་བསྐུངས་ནས་ཡོད་པས། ཚེ་སྲོག་གི་གསང་བ་མ་རྙེད་པའི་ཁོང་ཚོ་ནི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཞིག་ཏུ་གནས་འདུག
དེས་ན་དོན་དམ་པའི་སྙན་ངག་པ་འདིའི་སྨྱུག་རྩེ་ན་ཁོང་ཚོའི་དགའ་སྡུག་སྐྱོ་གསུམ་གྱི་མིག་ཆུ་བསགས་ཡོད་པས། སྙན་ངག་པས་རང་གར་དོར་འཕོད་དམ། ཁོང་ཚོར་མཁོ་བ་ནི་སྙན་ངག་པ་ཡིན་པས། སྙན་ངག་པ་ནི་ནམ་ནམ་ཞར་ཞར་ཡང་ཁོང་ཚོ་འཚོས་ནས་ཡོད།

མཇུག་གི་སྐད་ཆ།
རྒྱ་གར་གྱི་སྙན་ངག་པ་(Rabindranath Tagore)ལགས་ཀྱི་སྙན་ངག་ཚན་པ་འདི་ང་ཚོས་རགས་རིམ་ཞིག་བཀླགས་ཚར་སོང་།  དེས་ན་ཁྱོད་ཀྱིས་སོམས་དང་། དོན་དམ་པའི་སྙན་ངག་པ་ཞིག་གི་ལངས་ཕྱོགས་ཀྱི་ལྟ་བ་དང་། འགན་ཁྲི་ནི་ཅི་འདྲ་ཞིག་ཡིན་དགོས་སམ།
ད་ལན་ང་ཚོས་སྙན་ངག་འདིའི་སྐད་ཆའི་ཕྱི་ངོས་ཀྱི་ཚིག་རིས་ཙམ་བཀླགས་པ་རེད། སྙན་ངག་འདིའི་རྒྱབ་ལྗོངས་ཀྱི་སྐབས་དེའི་དུས་རབས་དང་སྤྱི་ཚོགས་ཀྱི་སྣང་བརྙན། སྙན་ངག་རང་ངོས་ཀྱི་མཛེས་པ། མཚོན་ཐབས་ཀྱི་སྒྱུ་རྩལ་ཐབས་ལམ། འགྲོ་བའི་མིའི་རིགས་ཀྱི་ལས་དབང་དགའ་སྐྱོ་ཆགས་གསུམ། འགྲོ་བ་མིའི་རིགས་ཀྱི་གཉུག་གཤིས། དེ་དང་དེས་མཚོན་པའི་སྙན་ངག་འདིའི་ཕ་རོལ་ན་མྱང་རྒྱུ་དང་། གོ་རྒྱུ་མང་པོ་ལྷག་ཡོད་པ་རེད།















གྲིབ་ནག་ཁྲོད་དུ།


ད་ལོ་སྤྱི་ལོ་ ༥༥༥༥ གསར་དུ་ཚེས་མ་ཐག་ཀུ་ཤལ་གྲོང་རྡལ་དུ་སློབ་ཆེན་གྱི་སློབ་མ་རྣམས་བསྐོངས་ནས་བགྲོ་གླེང་ཞིག་འཚོགས། དེའི་རྒྱུ་མཚན་ནི་རྒྱལ་ཁབ་ཕྱི་ལོགས་ནས་གྲོང་རྡལ་འདི་གར་དགེ་རྒན་ཆེན་མོ་ཞིག་གཟིགས་སྐོར་ཕེབས་ཀྱི་ཡོད་པ་དང་། མ་ཟད་དགེ་རྒན་ཆེན་མོ་དེས་ཀུ་ཤལ་གྲོང་རྡལ་གྱི་སློབ་ཆེན་སློབ་མ་རྣམས་དང་བགྲོ་གླེང་ཞིག་ཀྱང་བྱེད་འདོད་ཡོད་སྐོར་བཤད་འདུག་པས་ཡིན།
སྤྱི་ཟླ་ ༡ ཚེས་ ༡ ཉིན་གྲོང་རྡལ་དཀྱིལ་གྱི་ཚོགས་ཁང་ཆེན་མོའི་ནང་བགྲོ་གླེང་དངོས་གཞི་འགོ་བཙུགས། སྐབས་དེར་སློབ་ཆེན་སློབ་མ་ཕལ་ཆེ་བར་དྲི་བ་ཐུན་མོང་བ་ཞིག་ཡོད་པ་ནི། ལོ་ངོ་བརྒྱ་ཕྲག་འགའ་ཤས་སྔོན་དུ་གྲོང་རྡལ་འདིའི་ནང་གི་རྩོམ་པ་པོ་ཞིག་གིས་<<གྲིབ་ནག་ཁྲོད་དུ་>>ཞེས་པའི་སྒྲུང་རིང་ཞིག་བརྩམས། དཔེ་དེབ་དེ་འཛམ་གླིང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པ་མ་ཟད། སྒྲུང་རིང་དེའི་སྙན་གྲགས་དང་རིན་ཐང་ནི་ད་ལྟའང་གླེང་བཞིན་ཡོད།
དཔེ་དེབ་ཀྱི་ཁ་བྱང་<<གྲིབ་ནག་ཁྲོད་དུ་>>ཞེས་པ་དེ་གཅིག་པུ་ལའང་འཛམ་གླིང་གི་མཁས་པ་སོ་སོས་དཔྱད་པ་མང་པོ་བྱས་ཡོད་སྟབས། ད་ལྟ་གྲོང་རྡལ་འདིའི་སློབ་ཆེན་སློབ་མ་ཚོས་ཀྱང་འདིའི་སྐོར་ལ་དཔྱད་ཞིབ་བྱེད་བཞིན་པ་ཡིན། དེས་ན་ཁོང་ཚོའི་དྲི་བ་ཐུན་མོང་བ་དེ་ནི། "གྲིབ་ནག་ཁྲོད་དུ་ཞེས་པའི་དོན་གང་ཡིན་"ཅེས་པ་དེ་རེད།
དགེ་རྒན་ཆེན་མོས་དྲི་བར་ཞིབ་མོར་ཉན་རྗེས་གདོང་གི་མིག་ཤེལ་སྣ་རྩེ་ནས་ཡར་མཛུབ་མོས་འདེད་ཙམ་བྱས་ནས་"དྲི་བ་དེ་ལ་ལན་ཡོད་རེད་"ཟེར། ཡང་ཁོང་གིས་"མ་གཞི་དྲི་བ་དེར་སུས་ལན་རྒྱག་དགོས་སམ་"ཞེས་ཆིག་ལབ་ལྟ་བུ་ཞིག་བརྒྱབས་རྗེས་ཁོང་བསམ་གཞིག་གི་ཀློང་དུ་ཐིམ།



སློབ་ཆེན་གྱི་མཐར་ཕྱིན་ཡིག་རྒྱུགས།

ཀུ་ཤལ་གྲོང་རྡལ་གྱི་སློབ་ཆེན་དེའི་ཁོར་ཡུག་ཡོངས་ལ་རྒྱ་ལྗང་དང་གཞན་ཡང་ཤིང་སྡོང་མང་པོ་བཙུགས་ཡོད་ཅིང་། ནམ་དུས་སྟོན་མཇུག་འདིར་སློབ་ཆེན་སློབ་མའི་བྲེལ་འཚུབ་དང་འདྲ་བར་རླུང་གིས་གཡོས་པའི་ཤིང་སྡོང་གི་འདབ་ལོ་སྐམ་པོ་རྣམས་ག་ས་གང་དུ་ལྷུང་འོངས་ཏེ་རྡོག་པས་བརྒལ་དགོས་ཀྱི་ཡོད་ནའང་། ད་ལྟ་སློབ་ཆེན་སློབ་མ་ཚོར་མཚོན་ན་དེ་ནི་ཅི་ཡང་མིན་ཏེ། ཁོང་ཚོ་སློབ་གླིང་གི་གཡས་གཡོན་ནས་སྐྱོད་སྐབས། མིག་གིས་སྡོད་ཁང་ཐོག་བརྩེགས་གསུམ་པའི་ཁང་མིག་གསུམ་པའི་སྒེ་ཁུང་གསུམ་པར་ཅེར་ནས་འགྲོ་བ་ལས་རྐང་འོག་གི་འགྲོ་ལམ་སྟེང་ལ་གཏན་ནས་ལྟ་མི་སྲིད།
ཉི་མ་སང་ཉིན་ནས་སློབ་ཆེན་འདིའི་ལོ་རིམ་མཐའ་མའི་མཐར་ཕྱིན་ཡིག་རྒྱུགས་འགོ་གཟུགས་རྒྱུ་རེད། ཐོག་རྩེགས་གསུམ་པའི་ཁང་མིག་གསུམ་པའི་སྒེའུ་ཁུང་གསུམ་པ་ནས་མར་ལྟ་སྐབས་མདུན་ལྗོངས་ཀྱི་སློབ་ཆེན་འདིའི་སློབ་མ་ཚོའི་རང་སྦྱོང་བྱེད་སའི་གླིང་ག་ཆེན་པོ་དེ་མཐོང་འོང་། གླིང་གའི་ནང་གི་མཐར་ཕྱིན་སློབ་མ་ཚོས་ལག་ཏུ་དཔེ་དེབ་རེ་ཁྱེར་ཏེ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྡོད་ཁང་ཐོག་རྩེགས་གསུམ་པར་ཅེར་ནས་ཅི་ཞིག་གླེང་གིན་འདུག ཁང་མིག་གསུམ་པ་དེའི་སྒེའུ་ཁུང་གསུམ་པའི་རས་ཡོལ་ཕྱེ་ཡོད་ནའང་། སྒེའུ་ཁུང་ལས་ནག་ཧར་རེའི་གྲིབ་ནག་ཅིག་ལས་ཅི་ཡང་མི་མཐོང་།
མཐར་ཕྱིན་སློབ་མ་གཅིག་གིས་མཛུབ་མོ་ཀེར་བཞིན་"ཁོ་རས་ཡོལ་གྱི་གྲིབ་ནག་ཁྲོད་དུ་རང་སྦྱོང་བྱེད་ཀྱི་འདུག་"ཟེར། ཡང་གཞན་ཞིག་གིས་"ཁོ་གྲིབ་ནག་ཁྲོད་ན་ཅི་ཞིག་འབྲི་བཞིན་འདུག་"ཟེར། སློབ་མ་གཞན་ཞིག་གིས་"མ་རེད། ཁོ་སྒེའུ་ཁུང་གི་ཤེལ་ལེབ་ཀྱི་གྲིབ་ནག་ཁྲོད་དུ་བསྡད་ནས་དཔེ་དེབ་ཀློག་གི་འདུག་"ཅེས་བཤད་པས་ཁོང་ཚོས་ཁ་རྩོད་ཡུན་རིང་བརྒྱབས།
གླིང་གི་ནང་མཐར་ཕྱིན་སློབ་མ་དེ་ཚོའི་རྩོད་མཚམས་ཆད་མེད་ནའང་དགོངས་གའི་ཉི་ནུབ་རྗེས་ཀྱི་ཐོག་བརྩེགས་གསུམ་པའི་ཁང་མིག་གསུམ་པའི་སྒེའུ་ཁུང་གསུམ་པ་ནི་ཁོང་ཚོའི་མིག་ལམ་ནས་རྒྱང་ཐག་ཆད་པར་གྱུར།
མཐར་ཕྱིན་སློབ་མ་ཚོའི་རྩོད་གླེང་མཇུག་བསྒྲིལ་རྗེས་ཁོང་ཚོ་ཐུན་མོང་བར་ཁས་ལེན་པའི་འདོད་པ་གཅིག་རང་ཡོད་པ་ནི་"ད་ལོའི་མཐར་ཕྱིན་ཡིག་རྒྱུགས་ཀྱི་ཨང་གི་དང་པོ་ནི་"ཁོ་"ཡིས་ལེན་རྒྱུ་རེད་"ཅེས་ཁོང་ཚོ་ཚང་མས་ཐག་གཅོད་བྱས་ཟིན། དེ་ནི་ལོ་རིམ་སྔོན་མའི་ཡིག་རྒྱུགས་ཚང་མའི་ཨང་དང་པོ་དེ་ཁོས་བླངས་པས་སློབ་མ་གཞན་རྣམས་ཀྱིས་ཁོ་ལ་འགྲན་སྡུར་བྱེད་ཐུབ་ཀྱི་མེད་པས་རེད།
ཁོང་ཚོས་མཐར་ཕྱིན་ཡིག་རྒྱུགས་ཀྱི་སྐོར་གླེང་སྐབས་སྡོད་ཁང་ཐོག་བརྩེགས་གསུམ་པའི་ཁང་མིག་གསུམ་པའི་ནང་གློག་གཞུ་བསྒྲོན་པ་སྒེའུ་ཁུང་གསུམ་པ་ལས་མཐོང་འོང་། སྐབས་དེར་རང་སྦྱོང་བྱེད་སའི་གླིང་གའི་ནང་ཉི་གློག་རེ་གཉིས་བསྒྲོན་པ་ཡོད་པ་ལས་ཁུ་སིམས་ཀྱི་ཁ་དབུགས་ཤིག་གང་སར་ཁྱབ་ཅིང་། གྲང་ཤུར་ཤུར་གྱི་རླུང་བུ་རེས་རྒྱ་ལྕང་གི་ཡལ་འདབ་"སག་སག་"ངང་གཡོས་འོང་།
མཚམས་དེར་ཁོང་ཚོའི་ཁྲོད་ནས་བུ་མོ་ཞིག་གིས་ཁ་གྲག་བྱུང་། "ལྟོས་དང་ཁོ་རྐུབ་སྟེགས་རྒྱབ་ཀྱི་གྲིབ་ནག་ཁྲོད་དུ་བསྡད་ནས་ཅི་ཞིག་ཀློག་གིན་འདུག" ཅེས་སྒེའུ་ཁུང་གསུམ་པ་དེར་མཛུབ་མོ་ཀེར།
མཇུག་མཐར་ཁོང་ཚོ་ཁ་གྱེས་ནས་སོ་སོའི་སྡོད་ཁང་ལ་གོམ་ཁ་བསྒྱུར་ནའང་ཕྱིར་འཁོར་ནས་སྡོད་ཁང་ཐོག་བརྩེགས་གསུམ་པའི་ཁང་མིག་གསུམ་པའི་སྒེའུ་ཁུང་གསུམ་པར་མིག་ཟུང་གིས་ཡང་ཡང་ཅེར་ཙམ་ཅེར་ཙམ་བྱེད།
སྤྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༨ ཉིན་ཀུ་ཤལ་གྲོང་རྡལ་གྱི་སློབ་གྲྭ་ཆེན་མོའི་མདུན་ངོས་ཀྱི་ཐང་གཤོངས་དེར།  ད་ལོའི་མཐར་ཕྱིན་སློབ་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བཤད་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཀུ་ཤལ་གྲོང་རྡལ་ལ་མཚོན་ན་དེ་གླེང་གཞི་ཆེན་པོ་གཅིག་སྟེ་མཐར་ཕྱིན་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལེགས་ཉེས་ལ་ལྟོས་ནས་སློབ་མ་ཚོའི་མི་ཚེ་ལ་འགྱུར་ལྡོག་ཐེབས་བཞིན་ཡོད་པས། གྲོང་རྡལ་འདིའི་ནང་གི་མཐོ་རིམ་གྱི་སྐུ་དྲག་དང་ལས་ཁུངས་སོ་སོའི་ལས་བྱེད་ཆེ་ཆུང་ཚང་མས་གླེང་སློང་དང་བགྲོ་གླེང་བྱེད་ཅིང་། ཐ་ན་དེའི་སྐོར་<<སྨྱུག་སྡེ་>>ཞེས་པའི་ཚགས་ཤོག་དེའི་མདུན་ངོས་སུའང་བཀོད་ཡོད་པས་གྲོང་ཁྱེར་འདིའི་ནང་ཚ་ཚ་འུར་འུར་གྱིས་ཁེངས་སོང་། མཐའ་མར་ལས་ཁུངས་སོ་སོའི་ལས་བྱེད་ཚོར་སྡོམ་ཚིག་གཅིག་རང་ཡོད་པ་ནི་"ད་ལོའི་མཐར་ཕྱིན་ཡིག་རྒྱུགས་ཀྱི་ཨང་དང་པོ་ནི་གྲོང་ཁྱེར་འདིའི་ནང་སྐད་གྲགས་ཡོད་པའི་"ཁོ་"ཡིས་བླང་རྒྱུ་རེད།" ཅེས་དང་། ད་དུང་ལས་བྱེད་ཚོར་འདང་རྒྱག་ལྷག་མ་གཅིག་ནི་"ཁོ་"ལས་ཁུངས་ཆེ་ཕྲ་གང་ཞིག་ཏུ་ལས་བགོས་བྱེད་ཀྱི་ཡོད་མེད་སྐོར་རེད།
སྤྱི་ཚེས་ ༨ ཉིན་སློབ་ཆེན་མདུན་ངོས་ཀྱི་ཐང་གཤོངས་དེར་གྲོང་རྡལ་འདིའི་མི་མང་རྣམས་འཛོམས་ནས་གྲུབ་འབྲས་གསལ་བཤད་ལ་བསྒུགས་འདུག མ་གཞི་འདི་ལོར་ཐང་གཤོངས་དེར་འདུག་སྟེགས་གྲ་སྒྲིག་བྱེད་སྟངས་ཐད་ནས་སྔ་ལོ་དང་མི་འདྲ་སྟེ། མི་མང་གི་འདུག་སྟེགས་ཚང་མ་ཐང་གཤོངས་ཀྱི་མདོ་ཕྱོགས་སུ་ཕུད་ཅིང་། མཐོ་རིམ་པའི་སྐུ་དྲག་ཁ་ཤས་དང་ད་ལོའི་མཐར་ཕྱིན་སློབ་མ་རྣམས་ཀྱི་འདུག་སྟེགས་ལོགས་སུ་ཐང་གཤོངས་ཀྱི་ཕུ་དེར་བཅེར་ནས་བསྒྲིགས་འདུག མི་མང་རྣམས་ཕན་ཚུན་གླེང་སློང་སྣ་ཚོགས་བྱེད་བཞིན་པའི་སྐབས་དེར་སློབ་ཆེན་གྱི་ཚོགས་གཙོ་རྐུབ་སྟེགས་ནས་ལངས་ཏེ་སྐད་སྦུག་བརྒྱུད་ནས་གྲུབ་འབྲས་གསལ་བཤད་སྐོར་ལ་ཅི་ཞིག་བཤད་འོང་ནའང་། རྒྱང་གྲགས་ནོངས་པའི་རྐྱེན་གྱིས་མི་མང་ཚོས་ཅི་ཡང་མ་གོ ཐ་ན་གྲུབ་འབྲས་གསལ་བཤད་དངོས་གཞིའི་སྐབས་སུའང་རྒྱང་གྲགས་ལས་མཚམས་རེར་སྐད་སྒྲ་"ཙིར་ཙིར་"ཞེས་ཤུགས་ཆེན་པོ་རེ་གྲག་ཡོང་བ་དང་། ཡང་དེ་མ་ཐག་"ཝང་ཝང་"ཞེས་གྲགས་ཡོང་བས་མིང་མང་ཚང་མ་རྣ་ལྕོག་ལ་སྦར་མོ་བཀབ་ནས་སྡོད་དགོས་པ་བཟོས། དེ་རིང་གི་མཐར་ཕྱིན་གྲུབ་འབྲས་གསལ་བཤད་སྐོར་ལ་མི་མང་ཚོས་མགོ་ཅི་ཡང་མ་འཚོས་པས། མཇུག་མཐར་མི་མང་ཚོ་འདུག་སྟེགས་ནས་ལངས་ཏེ་གདོང་ལ་ཐེ་ཚོམ་གྱི་རྣམ་འགྱུར་རེ་མངོན་བཞིན་ཕན་ཚུན་དྲི་བ་འདྲི་རེས་ཀྱིས་ཟང་ཟིང་ལང་ལོང་གི་ངང་ནས་ཚོགས་ར་ནས་གྱེས་དགོས་བྱུང་།
སྐབས་དེར་གྲུབ་འབྲས་གསལ་བཤད་ཀྱི་འདུ་ཚོགས་གྲོལ་ནས་སློབ་ཆེན་གྱི་ཚོགས་གཙོ་གཅིག་པུ་རྒྱུགས་མ་འདུར་གྱིས་སློབ་ཆེན་གྱི་སྒོ་ཆེན་ནང་འཛུལ་འགྲོ་སྐབས། ལོགས་ཀྱི་མགྲོན་ཁང་སྒོ་འགྲམ་ནས་ལག་ཏུ་ཁུག་མ་ཐོགས་པའི་མི་ཞིག་མངོན་བྱུང་། མ་གཞི་དེ་ནི་ཀུ་ཤལ་གྲོང་རྡལ་གྱི་ཚོང་དཔོན་Cརེད། ཁོ་དང་ཚོགས་གཙོ་གཉིས་ཀྱིས་ཅུང་འཛེམས་དོགས་ཀྱིས་གཡས་གཡོན་ལ་ལྟ་ཙམ་རེ་བྱས་རྗེས་ཚོང་དཔོན་གྱིས་ཁུག་མའི་ནང་ནས་ཤོག་ཐུམ་ཞིག་བཏོན་ཏེ་ཚོགས་གཙོ་ལ་སྤྲོད་སྐབས། རྒྱབ་ལོགས་ནས་རྡོག་སྒྲ་ཞིག་གྲག་བྱུང་། ཁོང་གཉིས་པོས་ལམ་སེང་ཁ་ཕྱིར་འཁོར་ནས་ལྟ་སྐབས་མིག་ལམ་དུ་ཅི་ཡང་མཐོང་རྒྱུ་མེད་ནའང་། སྒོ་ཆེན་ནང་གི་ཚོང་ཁང་དེའི་རྒྱང་ལོགས་ཤིག་གི་ཕག་ནས་དགུང་གི་ཉི་འོད་ལས་མིའི་གྲིབ་གཟུགས་ཤིག་གསེག་ཏུ་བསྲིངས་འདུག་པ་མཐོང་། ཁོང་གཉིས་ཚབ་ཚུབ་ངང་ནས་སྐད་ཆ་ཤབ་ཤུབ་འགའ་བཤད་རྗེས་སོ་སོའི་སར་ལོག་ཕྱིན།
ཕྱི་ཉིན་ཀུ་ཤལ་གྲོང་རྡལ་ནང་ཡང་བསྐྱར་ཚ་ཚ་འུར་འུར་གྱི་གླེང་སློང་ཞིག་བྱུང་སོང།དེ་ནི་<<སྨྱུག་སྡེའི་>>ཚགས་ཤོག་ངོས་སུ་བཀོད་པ་ལྟར་ན། ད་ལོའི་མཐར་ཕྱིན་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཨང་དང་པོ་དེ་མི་གཞན་ཞིག་གིས་བླངས་པ་ལས། "ཁོ་"མ་རེད་ཅེས་པ་དེ་རེད།


གཏམ་བཤད་པ་གྲགས་ཅན།

ཀུ་ཤལ་གྲོང་རྡལ་གྱི་གསང་བའི་ལས་ཁུངས་ནི་གྲོང་རྡལ་འདིའི་མཐའ་ཟུར་ཞིག་ཏུ་ཡོད་ཅིང་། མཐོ་རིམ་པའི་ལས་བྱེད་ཆེ་ཕྲ་ཁག་འགའ་ཤས་ཕུད་པའི་གཞན་སུ་ཞིག་གིས་ཀྱང་གང་དུ་ཡོད་མེད་མི་ཤེས། གསང་བའི་ལས་ཁུངས་ནི་ཕྱི་ནས་བལྟས་ན་ས་ཕག་གི་རྒྱང་རོ་འགའ་ལས་མེད་ནའང་དོན་ངོ་མར་ས་འོག་ཏུ་ཤིན་ཏུ་ནས་བཙན་པོར་བཟོས་ཡོད། ཉེ་ཆར་གསང་བའི་ལས་ཁུངས་ཀྱི་འགོ་གཙོ་རྙིང་པ་རྒན་ཡོལ་ཆགས་ཏེ་རྗེ་བོ་བརྒྱབས་ནས་ད་ལྟའི་གསང་བའི་ལས་ཁུངས་ཀྱི་འགོ་གཙོ་ནི་"ཁོ་"རེད།
སྤྱིར་བཏང་བྱས་ན་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ནང་ནས་ཡིག་རྒྱུགས་ཀྱི་གྲུབ་འབྲས་རྩེ་ཕུད་དུ་སོན་པའི་རིགས་རྣམས་གསང་བའི་ལས་ཁུངས་སོགས་སུ་བསྐོ་གཞག་བྱེད་ཀྱི་ཡོད་ནའང་། ད་ལོའི་མཐར་ཕྱིན་སློབ་མ་གྲུབ་འབྲས་རྩེ་ཕུད་སོན་པ་རྣམས་ལ་ཤེས་ཡོན་གྱི་ཆུ་ཚད་མེད་སྟབས།"ཁོའི་"ཡིག་རྒྱུགས་གྲུབ་འབྲས་ཀྱི་སྐར་གྲངས་དམའ་ནའང་ཁོ་རང་གསང་བའི་ལས་ཁུངས་སུ་འགོ་བཙོར་བསྐོ་གཞག་མི་བྱེད་ཀ་མེད་བྱུང་།
གསང་བའི་ལས་ཁུངས་ནང་ལས་བྱེད་གཉིས་གསུམ་ཙམ་ལས་མེད་ཅིང་ཁོང་ཚོ་མི་རེ་རེར་ཤེལ་ཁང་གྲུ་བཞི་མ་རེ་ཡོད་པས། གལ་ཏེ་ཁོང་ཚོ་ཕན་ཚུན་སྐད་ཆ་བྱེད་དགོས་བྱུང་ཚེ་གློག་སྐུད་ཅན་གྱི་ཁ་པར་བརྒྱུད་ནས་སྐད་ཆ་ཤོད་པ་ལས། ཕན་ཚུན་ཐུག་འཕྲད་བྱེད་སྲོལ་མེད། གསང་བའི་ལས་ཁུངས་ཀྱི་འགོ་གཙོ་སྡོད་ས་ནི་དམིགས་བསལ་གྱིས་རས་ཡོལ་ཅན་གྱི་ཤེལ་ཁང་ཞིག་ཡིན་པས། ལས་མི་གཞན་པ་ཚོས་གློག་གི་འོད་ལས་འགོ་གཙོའི་གྲིབ་ནག་གཅིག་པུ་ཤེལ་ཁང་གི་སྒོ་གླེགས་ཕྱེད་ཙམ་ཕྱེ་ཡོད་པ་དེ་ལས་མཐོང་ཐུབ་པ་མ་གཏོགས་"ཁོའི་"ཁ་ངོ་དང་གཟུགས་བྱད་མཐོང་ཐབས་བྲལ།
"ཁོ་"ནི་ཞོགས་པ་ཉི་མ་ཤར་མ་ཤར་གོང་ནས་ཁྱིམ་ནས་ཐོན་ཏེ་གྲོང་རྡལ་འདིའི་གཞུང་ལམ་ཟུར་ནས་རྐང་ཐང་མར་ལས་ཁུངས་སུ་འགྲོ་ཡི་ཡོད་པས། ཞོགས་པའི་ཉི་འོད་ནི་གཞུང་ལམ་གཡས་གཡོན་གྱི་ཁང་བརྩེགས་དག་གིས་བསྒྲིབས་ཏེ་གཞུང་ལམ་སྟེང་ད་དུང་ཉི་འོད་འཕོས་མེད་སྟབས། ཁོ་ནི་ནམ་ཡིན་ནའང་གྲིབ་ནག་བརྒྱུད་ནས་ཞོགས་པར་ལས་ཁུངས་སུ་ཆས་འགྲོ་ཞིང་།
དགོང་མོར་ལས་དུས་གྲོལ་མཚམས་ནི་ཉི་མ་བཞུད་ལ་རན་ཁར་ཡིན་པས། "ཁོ་"ལས་ཁུངས་ནས་ཐོན་ཏེ་གཞུང་ལམ་ཟུར་ནས་རྐང་ཐང་མར་བརྒྱུད་དུས་ནུབ་ཁའི་ཉི་འོད་ལྷག་མ་ལམ་ལམ་ཞིག་གཞུང་ལམ་སྟེང་འཕྲོས་ཡོད་སྲིད་ནའང་། གཡས་གཡོན་གྱི་ཁང་བརྩེགས་དག་གིས་བསྒྲིབས་ནས། ཁོ་ཁྱིམ་དུ་ལྡོག་སྐབས་གྲིབ་ནག་ཁྲོད་ནས་བརྒྱུད་དགོས་སྟབས། ནམ་རྒྱུན་གཞུང་ལམ་གཡས་གཡོན་གྱི་མི་ཚོས་གྲིབ་ནག་ཁྲོད་ནས་སྔ་དགོང་རྒྱུན་དུ་ནག་ལོང་ལོང་ཞིག་འགྲོ་བ་མཐོང་མྱོང་བ་ཙམ་ལས། དོ་ངོ་མར་སུ་ཞིག་ཡིན་མིན་ཁོང་ཚོར་གསལ་ཆ་ཅི་ཡང་མི་འདུག

ཞོགས་པ་དེར་ལས་ཁུངས་སུ་སླེབ་དུས་ཁོའི་ལས་ཤག་སྒོ་འགྲམ་ན་ཡོད་པའི་ནམ་རྒྱུགས་ཚགས་ཤོག་དང་སྦྲག་ཡིག་འཇོག་སའི་སྟེགས་བུའི་སྟེང་ན་ཡིག་སྒམ་ཞིག་བཞག་འདུག
དེ་ནི་ལྟས་པ་ཙམ་གྱིས་གོང་རིམ་ནས་བཏང་བ་ཡིན་པ་ཡིག་སྐོགས་ལས་ཤེས་ཐུབ། ཁོས་ཐེ་ཚོམ་དང་བཅས་ཁ་ཕྱེ་ནས་ལྟ་དུས། ད་ལོ་ཉིས་སྟོང་ ༢༠༡༩ ལོའི་ཟླ་བ་ ༢ ཚེས་ ༡༢ ཉིན་ཀུ་ཤལ་གྲོང་རྡལ་དུ་འཛམ་གླིང་རྒྱལ་སྤྱིའི་སྟེང་གི་ཤེས་རིག་གོ་སྡུར་ཚོགས་འདུ་ཞིག་འཚོག་འཆར་འདུག་པས། སྐབས་དེར་ཁོ་ལ་གཏམ་བཤད་ཅིག་སྤེལ་དགོས་ཚུལ་གྱི་བཀའ་ཡིག་བཏང་འདུག
ཕྱི་ཉིན་<<སྨྱུག་སྡེའི་>>ཚགས་ཤོག་སྟེང་དུའང་དེའི་སྐོར་ལ་གནས་ཚུལ་ཐུང་ཐུང་ཞིག་བཀོད་འདུག་པས། གྲོང་རྡལ་འདིའི་ནང་ཚ་ཚ་འུར་འུར་གྱི་གླེང་སློང་ཞིག་བྱུང་ཞིང་། ལས་ཁུངས་ཁག་གི་ལས་བྱེད་པ་ཚོས་བཤད་པ་ལྟར་ན། "གཏམ་བཤད་པར་ཁོ་བསྐོས་པ་ནི་འོས་པ་ཞིག་"རེད་ཟེར་བ་དང་། ཡང་ཁ་ཤས་ཤིག་གིས་ཁོ་ད་ལྟ་ལས་ཁུངས་གང་ཞིག་ཏུ་ལས་ཀ་ལས་ཀྱི་ཡོད་མེད་སྐོར་ལའང་རྩད་འདྲི་བྱེད།
གོང་རིམ་གྱི་ཡི་གེ་དེ་སླེབས་པའི་ཕྱི་ཉིན་ནས་བཟུང་། "ཁོས་"ཕྱི་དྲོའི་ལས་མཚམས་འཇོག་པའི་དུས་ཚོད་ཟིན་མ་ཐགགཏམ་བཤད་གྲ་སྒྲིག་གི་ཆེད་དུ་ཁོས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དང་། ཆབ་སྲིད་དང་སྤྱི་ཚོགས་རིག་པ། ཚན་རིག་དང་རྩོམ་འབྲི་རིག་པ་སོགས་རིག་ཚན་མང་པོ་ཞིག་གི་དཔེ་དེབ་མདུན་ལྕོག་སྟེང་དུ་བཀྲམས་ནས་ཀློག་འགོ་བཙུགས།
ཁོ་དཔེ་ཀློག་ལ་རྩེ་གཅིག་ཏུ་གཞོལ་ནས་དགོང་མོ་ཕྱི་པོའི་བར་ལས་ཁུངས་ནང་ལྷག་གི་ཡོད་པས། ལས་གྲོགས་གཞན་རྣམས་སྔ་ས་ནས་ལོག་འགྲོ་ནའང་། ཉིན་ཤས་སྔོན་ནས་འཁྲིས་ཀྱི་ལས་མི་དེ་ཁྱིམ་དུ་མ་ལོག་པར་ཁོ་ལ་གློག་སྐུད་ཅན་གྱི་ཁ་པར་ཡང་ཡང་བཏང་ནས། ཁོས་མཚམས་རེར་"འགོ་གཙོ་ལགས། ངས་ཁྱེད་ལ་ཡིག་ཆ་སྔོགས་རོགས་བྱེད་ཆོག་"ཅེས་དང་། "འགོ་གཙོ་ལགས་ཀྱིས་ཟིན་བྲིས་བཏབ་ཚར་སོང་ན་ངས་ཡིག་འཇུག་བྱེད་རོགས་བྱེད་ཆོག" ལྟ་བུ་ལབ་འོང་བར་ཁོས་མི་དགོས་ཚུལ་བཤད་ནའང་། ལས་མི་དེས་ཨུ་ཚུགས་ཀྱིས་"དེ་འདྲ་མ་གསུང་། ངས་ཁྱེད་ལ་ཕྱག་རོགས་ཞུས་ཆོག་"ཅེས་ཡང་བསྐྱར་ཉོག་བཤད་བྱས་འོང་བས་ཁོའི་དུས་ཚོད་མང་པོ་ཞིག་འཕྲོགས་ནས་འགྲོ།
གཏམ་བཤད་བྱ་རྒྱུའི་སྔ་ཉིན་དེར། ཁོ་ལས་ཁུངས་ཀྱི་བར་གསེང་དང་སྟབས་སྟུན་ལས་དོན་ཞིག་གི་ཆེད་ཁྱིམ་དུ་ལོག ཕྱིར་ལས་ཁུངས་སུ་སླེབ་དུས་ཁོའི་ལས་ཤག་གི་སྒོ་དེ་ཕྱེད་ཙམ་ཞིག་ཕྱེ་ཡོད་པར་མཐོང་། མ་གཞི་དེ་ནི་ད་གིན་ཁྱིམ་དུ་ལོག་སྐབས་གསང་བའི་ཨང་གྲངས་བསྣན་རྒྱུ་བརྗེད་པ་འདྲ། ཁོས་སྟོད་གོས་ཕུད་ནས་རྐུབ་སྟེགས་སྟེང་སྡོད་སྐབས་མདུན་ལྕོག་སྟེང་ཡིག་སྒམ་ཞིག་བསྐྱལ་འདུག་པ་མཐོང་། ཡང་སྙིང་གང་ནས་བསྐུར་བ་ཡིན་ནམ་སྙམ་ནས་ཁ་ཕྱེ། ཡི་གེ་དེ་ཀློག་གིན་ཀློག་གིན་ཁོའི་སྨིན་མ་ཟུང་ཕྱོགས་གཅིག་ཏུ་བསྡུས་ཤིང་། གདོང་གཤིས་ལམ་སང་འགྱུར་སོང་། ཁོས་དེ་མ་ཐག་སྦྲག་ཡིག་སྐྱེལ་མཁན་དེར་སྐད་ཆ་ཞིག་འདྲི་དགོས་སྙམ་ནའང་ཁོ་ནི་མཐོང་ཡུལ་ན་མི་འདུག དེ་བས་ཁོ་ཡང་ཁོང་ཁྲོ་ལངས་ནས་རྒྱ་ལྕོག་གང་ཁུ་ཚུར་གཞུས་ཙམ་བྱེད་བཞིན་རྐུབ་སྟེགས་སྟེང་ནས་ཁ་ཕར་འཁོར་ཚུར་འཁོར་བྱེད་ཅིང་བསམ་གཞིགས་ཀྱི་ཀློང་དུ་ཐིམ་ནས་མིག་ཟུང་གཡས་གཡོན་གྱི་ཤེལ་ཁང་ངོས་ལ་ཅེར་སྐབས། ལོགས་ཀྱི་ཁོའི་ཡིག་ཆ་འཇོག་སའི་འཐེན་སྒམ་དེ་ཡང་ཁ་ཕྱེ་ནས་འདུག སྐབས་དེར་ཁོའི་བསམ་པར་ད་གིན་སྒོ་ལ་གསང་བའི་ཨང་གྲངས་བསྣན་རྒྱུ་བརྗེད་ཡོད་པ་དེ་དྲན་ནས། "ངའི་དྲན་པ་འདི་"ཞེས་ཅིག་ལབ་རྒྱག་གིན་འཐེན་སྒམ་དེ་ཤུགས་ཀྱིས་ཕུད་རྒྱག་བཏང་ནས་སྒོ་བརྒྱབས།
ཟླ་བ་ ༢ ཚེས་ ༡༢ ཉིན་ཀུ་ཤལ་གྲོང་རྡལ་དུ་འཛམ་གླིང་རྒྱལ་སྤྱིའི་སྟེང་གི་ཤེས་རིག་གོ་སྡུར་ཚོགས་འདུ་དངོས་སུ་ཚུགས། ཚོགས་འདུ་དེར་གྲོང་རྡལ་འདིའི་མིང་མང་ཚང་མར་འགྲོ་རྒྱུའི་གོ་སྐབས་མེད་ནའང་། མི་མང་ཚོར་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ནས་མཐོང་རྒྱུར་གོ་སྐབས་བསྐྲུན། འོན་ཀྱང་ཧང་སངས་པ་ཞིག་ལ་ཚོགས་འདུ་དངོས་ཀྱི་ཉིན་དེར་གཏམ་བཤད་བྱེད་མཁན་དེ་ནི་ཁོ་”མིན་པར། མི་གཞན་ཞིག་རེད། མི་དེས་གཏམ་བཤད་ཆ་ཚང་ཤོག་ཐོག་ཏུ་ཟིན་བྲིས་བཏབ་ནས་སྒྲོག་སྦྱང་ཙམ་བྱས་ནའང་། ཚོགས་འདུར་ཞུགས་པའི་ཕྱི་ལོགས་རྒྱལ་ཁབ་ཀྱི་ཤེས་ཡོན་ཅན་གྱི་མི་སྣ་རྣམས་གཏམ་བཤད་སྒྲོག་སྦྱང་དེ་ལ་ཧང་སངས་པར་གྱུར། ཚོགས་མི་ཚོས་ནང་ཕན་ཚུན་ཤབ་ཤུབ་ངང་ནས་གཏམ་བཤད་དེའི་ནང་དོན་ཧ་ཅང་གིས་གཏིང་ཟབ་པོ་འདུག་ཟེར། ཉིན་དེར་ཀུ་ཤལ་གྲོང་རྡལ་དུ་ཡང་བསྐྱར་ཚ་ཚ་འུར་འུར་གྱི་གླེང་སློང་ཞིག་ནི་མི་དེའི་གཏམ་བཤད་སྒྲོག་སྦྱང་དེ་རེད། མི་མང་ཚོས་"མི་དེས་གཏམ་བཤད་སྒྲོག་སྦྱང་ཙམ་བྱས་པ་ཡང་དེ་འདྲའི་དཔེ་མི་སྲིད་པ་ཡིན་ན། གཏམ་བཤད་དངོས་གནས་བྱས་ན་དེ་ལས་ཀྱང་ཧང་སངས་ཡ་ཡོད་རྒྱུད་རེད་"ཅེས་ཟེར་ཞིང་། ལས་ཁུངས་ཁག་གི་ལས་བྱེད་པ་མང་པོ་ཞིག་གིས་ནི་གཏམ་བཤད་པ་གྲགས་ཅན་དེ་གང་ནས་ཡིན་མིན་ཐད་ལ་རྩད་གཅོད་བྱེད་ནའང་། གསལ་པོ་ཞིག་སུ་ལའང་བཤད་རྒྱུ་མེད།
ཡང་ཀུ་ཤལ་གྲོང་རྡལ་དུ་གླེང་གཞི་གཞན་ཞིག་བྱུང་བ་ནི་དེ་སྔོན་<<སྨྱུག་སྡེའི་>>ཚགས་ཤོག་ངོས་སུ་ཐེངས་འདིའི་གཏམ་བཤད་པ་ནི་"ཁོ་"ཡིན་ཚུལ་བཀོད་ཡོད་ནའང་། ད་ལན་གཏམ་བཤད་ངོ་མ་བྱེད་མཁན་ནི་མི་གཞན་ཞིག་ཡིན་འདུག་པས།<<སྨྱུག་སྡེའི་>>ཚགས་ཤོག་གིས་མི་མང་ལ་མགོ་སྐོར་གཏོང་གི་འདུག་ཅེས་ཁ་རྡུང་གཏོང་ཞིང་། གསར་འགྱུར་རྒྱུད་ལམ་ཁག་ནས་ཀྱང་<<སྨྱུག་སྡེའི་>>ཚགས་ཤོག་ལ་འགྲེལ་ལོག་སྣ་ཚོགས་རྒྱག་བཞིན་འདུག



དཔེ་སྐྲུན་ཁང་།

ལོ་ངོ་འདི་དག་གི་རིང་"ཁོ་"གསར་རྩོམ་གྱི་ལས་ལ་ཞུགས་ནས་སྤྲོ་སེམས་ཆེན་པོས་ཉིན་མཚན་བསྟུད་མར་ངང་རྩོམ་ཡིག་འབྲི་བཞིན་འདུག ཁོས་ཟླ་བ་རེ་གཉིས་ནང་དེབ་རེ་བྲིས་ནས་གྲོང་ཁྱེར་འདིའི་དཔེ་སྐྲུན་ཁང་ལ་བསྐུར་ནའང་། པར་ཁང་གི་འགོ་གཙོ་དེས་"ཁྱོད་ཀྱི་དཔེ་དེབ་འདི་རྣམས་ལ་དཔར་འོས་པའི་རིན་ཐང་མི་འདུག མ་དཔེ་ཁྱོད་རང་ལ་ཡོད་ཀྱི་རེད། ཉར་ཚགས་བྱེད་རོགས་"ཞེས་པ་ཙམ་རེད།
སྤྱི་ལོ་ ༢༠༢༠ ཟླ་བ་ ༤ ཚེས་ ༤ དེ་རིང་ནི་འཛམ་གླིང་དཔེ་ཀློག་ཉིན་མོར་ཁེལ་ཡོད། ཉིན་ཤས་སྔོན་ནས་ཁོས་གྲོང་རྡལ་འདིའི་ནང་གི་ཁྲོམ་སྲང་གང་སར་ཉུལ་ནས་དཔེ་དེབ་སྤུས་མ་ཞིག་རག་ཐབས་བྱས་ནའང་། དཔེ་ཚོང་ཁང་ནང་གི་དཔེ་དེབ་མང་པོ་ཞིག་ལ་ནི་ཀློག་རི་བའི་རིན་ཐང་དེ་ཙམ་མེད་ཅིང་། ཅུང་ལེགས་པ་རེ་གཉིས་ཡོད་པ་དེ་ཚོ་ནི་ཁོས་ལོ་ཤས་སྔོན་ནས་བཀླགས་ཟིན་པ་རྐྱང་རྐྱང་རེད།
འོན་ཀྱང་ཁ་སང་ཁོའི་སློབ་མ་ཞིག་གིས་ཁ་པར་བརྒྱུད་ནས་བཤད་པ་ལྟར་ན། གྲོང་རྡལ་འདིའི་ནང་ཧྥ་རན་སའི་སྐད་ནས་བསྒྱུར་པའི་<<གྲིབ་ནག་གི་ཁྲོད་དུ་>>ཞེས་པའི་སྒྲུང་གཏམ་སྤུས་ལེགས་ཤིག་སླེབས་འདུག་པས། ཁྱེད་ལ་བསྐུར་ཆོག་ཅེས་བཤད་པ་ལྟར་ད་ནངས་ཞོགས་པར་མི་ཞིག་གིས་ཁོའི་སྒོ་རྩར་བསྐྱལ་བྱུང་།
སློབ་མ་དེས་དཔེ་དེབ་དེའི་ཕྱི་ལ་ཆུ་ཡི་སྐྱོན་མི་ཤོར་བའི་ཆེད་དུ་འགྱིག་ཤོག་དང་རས་ཀྱིས་གཏུམས་ནས་ཧ་ཅང་གཅེས་སྤྲས་བྱས་ཏེ་བསྐུར་འདུག
ཁོའི་བསམ་པར་དེ་རིང་གཟའ་ཉི་མར་ལས་ཁུངས་སུ་འགྲོ་དགོས་མེད་སྟབས། འཛམ་གླིང་དཔེ་ཀློག་ཉིན་མོར་བསྒྱུར་རྩོམ་སྤུས་ལེགས་ཤིག་བཀླག་རྒྱུ་ཡོད་སྙམ་ནས། ཞོགས་པ་སྔ་ས་ནས་ལངས་ཏེ་ཞོགས་ལྟོ་བཟས་རྗེས་ཚིག་ཇ་ཞིག་ཕོར་བ་ཞིག་ཁྱེར་ཏེ། ཁོ་རང་གི་དཔེ་དེབ་ཀློག་ཁང་དུ་འཛུལ། མདུན་ལྕོག་སྟེང་ཕྱི་སྐོགས་ཀྱིས་གཏུམས་པའི་བསྒྱུར་རྩོམ་དེ་མཐོང་དུས་སེམས་ལ་ངར་ཤུགས་ཤིག་གམ་སྤྲོ་སྣང་ཞིག་བརྟས་ཤིང་། མ་ཟད་བསྒྱུར་རྩོམ་དེའི་མིང་ནི་<<གྲིབ་ནག་ཁྲོད་དུ་>>ཞེས་པ་ཡིན་ཚུལ་ཐོས་པས། དེ་ནི་ཁོ་རང་དང་ཡང་འབྲེལ་བ་ཞིག་ཡོད་སྣང་འཆར།
ཚིག་ཇ་ཕོར་པ་ལོགས་སུ་བཞག་སྟེ་བསྒྱུར་རྩོམ་དེ་བླངས་ནས་ཇེམ་ཙེ་ཞིག་གི་ཕྱི་སྐོགས་རྣམས་རེ་རེ་ནས་ཡིད་གཟབ་ཀྱིས་དབྲལ་ཞིང་། ཁོའི་མིག་ལམ་དུ་དངོས་གནས་<<གྲིབ་ནག་ཁྲོད་དུ་>>ཞེས་པའི་ཡིག་འབྲུ་དེ་དག་འཆར་དུས་སེམས་ལ་བཤད་མི་ཤེས་པའི་དགའ་སྤྲོ་ཞིག་བརྟས། ཁོས་དེབ་ཀྱི་རྒྱབ་ཤར་ལག་པས་བྱིལ་བྱིལ་འགའ་བྱས་ནས་ཁ་ཕྱེ། དང་པོ་རང་དུ་མིག་ལམ་དུ་གསལ་བ་ནི་དཔེ་སྐྲུན་ཁང་གི་གླེང་བརྗོད་རེད། ཁོས་སེམས་པ་རྣལ་དུ་ཕབ་ནས་ཡིག་འབྲུ་རེ་རེ་བཀླགས། བསྒྱུར་པ་པོའི་གཏམ་བཀླགས། དཀར་ཆག་བཀླགས། ལེའུ་དང་པོ་འགོ་བཙུགས། ཡིག་འབྲུ་རེ་རེའི་རྗེས་ནས་ཁོའི་རྣམ་འགྱུར་འགྱུར་སོང་། ངོ་གདོང་དམར་པོ་ཆགས་ཤིང་ཐ་ན་དབུགས་ཀྱང་གཏོང་དཀའ་བར་གྱུར།
མ་གཞི་སྒྲུང་རིང་འདི་ནི་ཁོས་ལོ་ངོ་གསུམ་གྱི་སྔོན་དུ་བྲིས་ཏེ་གྲོང་རྡལ་འདིའི་ནང་གི་དཔེ་སྐྲུན་ཁང་ལ་བཏང་ནའང་། པར་ཁང་འགོ་གཙོ་ཡིས་"ཁྱོད་ཀྱི་དཔེ་དེབ་འདི་རྣམས་ལ་དཔར་འོས་པའི་རིན་ཐང་མི་འདུག མ་དཔེ་ཁྱོད་རང་ལ་ཡོད་ཀྱི་རེད། ཉར་ཚགས་བྱེད་རོགས་"ཞེས་བཤད་རྗེས་ད་བར་ཁུ་སེམས་གྱུར་པ་རེད།
ད་ལྟ་ཀུ་ཤལ་གྲོང་རྡལ་ནང་<<གྲིབ་ནག་ཁྲོད་དུ་>>ཞེས་པའི་བསྒྱུར་རྩོམ་གྲགས་ཅན་ཞིག་སླེབས་ཡོད་ཚུལ་སློབ་ཆེན་སློབ་མ་ཚོས་ཡང་ཡང་གླེང་ཞིང་། ཐ་ན་གསར་འགྱུར་བརྒྱུད་ལམ་ནས་ཀྱང་དེའི་སྐོར་ངོ་སྤྲོད་བྱས་པས། གྲོང་རྡལ་འདིའི་ནང་གི་ཤེས་ཡོན་པའི་མིང་ཅན་ཚོའི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར།



གསར་འགྱུར་གསུམ།


ད་ལྟ་ཀུ་ཤལ་གྲོང་རྡལ་དཀྱིལ་གྱི་བཞི་མདོའི་ལམ་ཟུར་ན་ཡོད་པའི་ཁང་ཆེན་རྙིང་སོང་དེ་ནི་ཁྲོམ་སྲང་གི་མི་ཚང་མའི་མིག་ཞགས་འཕེན་སར་གྱུར་འདུག ཐོགས་བརྩེགས་གསུམ་ཅན་གྱི་ཁང་པ་དེ་ས་སྦག་དམར་པོས་རྩིག་པ་བརྩིགས་ཡོད་ནའང་། ཕྱི་ནང་གཉིས་ཀར་ཞལ་བ་བརྒྱབས་མེད་ཁར། ད་ལྟ་རྙིང་སོང་དུ་གྱུར་ནས་ཕྱི་ངོས་སུ་སེར་ཁ་མག་གེར་ཆགས་འདུག
ཁྲོམ་སྲང་གི་མི་ཚོས་མིག་ཞགས་ཡང་ཡང་འཕེན་དོན་ནི་ཁང་གོག་འདིའི་ནང་དུ་<<རོ་ལངས་བརྒྱབ་པའི་རིང་ལུགས་>>ཞེས་པ་དེ་འགོ་ཚུགས་པ་རེད། རིང་ལུགས་དེ་ནི་"སྙན་ངག་པ་མཆོང་ཆོག་ཆོག་" གིས་གཙོས་པའི་གྲོང་རྡལ་འདིའི་ནང་གི་<<མི་རབས་ཀླད་གོར་>>ཚོས་སྲོལ་གཏོད་ཅིང་། མི་རབས་ཀླད་གོར་ཁོང་ཚོའི་དམིགས་ཡུལ་ནི་འཇིག་རྟེན་འདིར་ནང་ཡོད་ཚད་རོ་ལངས་རྒྱག་ཏུ་འཇུག་རྒྱུ་དེ་ཡིན་ཟེར།
ད་ལོའི་ཟླ་སྔོན་མའི་ནང་མི་རབས་ཀླད་གོར་གྱིས་ཀུ་ཤལ་གྲོང་རྡལ་གྱི་དཔོན་པོ་ཚོའི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་གསལ་ཐག་ཆོད་པ་ཞིག་<<རོ་ལངས་ཚགས་པར་>>སྟེང་བཀོད་ནས། དཔོན་པོ་ཚོའི་ལྐོག་ཟའི་གསང་བ་མང་པོ་ཞིག་རོ་ལངས་བརྒྱབས་པ་དང་འདྲ་བར་གྲོང་རྡལ་འདིའི་ནང་གི་མི་མང་ཚང་མའི་ཁ་ནས་ཤོད་རྒྱུ་ཡོད་པར་གྱུར།
ད་ལྟ་གྲོང་རྡལ་ནང་གི་མི་མང་ཚོའི་བསམ་པར། ཡང་མི་རབས་ཀླད་གོར་ཚོས་ཅི་ཞིག་རོ་ལངས་རྒྱག་ཏུ་འཇུག་གི་ཡིན་ནམ་སྙམ་བཞིན་བདུན་རེའི་<<རོ་ལངས་ཚགས་ཤོག>>ལ་ངང་སྒུག་བྱེད་བཞིན་འདུག
ཏག་ཏག་ལ་ཟླ་ ༡༣ པའི་བདུན་ཕྲག་དང་པོའི་གཟའ་མཇུག་ལ་<<རོ་ལངས་ཚགས་ཤོག་>>གྲོང་རྡལ་ནང་བཀྲམས་ཤིང་། དེའི་སྟེང་གསར་འགྱུར་ཆེན་པོ་ཞིག་བཀོད་འདུག
གསར་འགྱུར་དེ་ནི་ལོ་གསུམ་སྔོན་གྱི་སྟེ་སྤྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༨ ཉིན་གྱི་གནས་ཚུལ་རེད། ལོ་དེའི་མཐར་ཕྱིན་སློབ་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཨང་དང་པོ་དེ་དོན་ངོ་མར་"ཁོས་"བླངས་ཡོད་ནའང་། གྲུབ་འབྲས་གསལ་བཤད་བྱ་རྒྱུའི་སྔ་ཉིན་དེར་གྲོང་རྡལ་འདིའི་ནང་གི་ཚོང་པ་གྲགས་ཅན་C ལགས་སློབ་ཆེན་གྱི་ཚོགས་གཙོའི་ལས་ཤག་ཏུ་སླེབས་ནས། ཁོས་"གལ་ཏེ་ཁྱོད་ཀྱིས་ངའི་ཕྲུ་གུ་དེ་གྲུབ་འབྲས་ཨང་དང་པོར་འཇོག་ཐུབ་ན། ངས་འདི་ཙམ་སྤྲོད་ཆོག"ཅེས་མདུན་ལྕོག་སྟེང་གི་སྨྱུག་ལྡོང་ནང་ནས་སྨྱུ་གུ་བླངས་ཏེ་ཤོག་བུའི་སྟེང་ཨང་གི་བཀོད་ནས་ཐག་གཅོད་བྱས་ཡོད་ཚུལ་བཀོད་འདུག་པ་དེ་རེད།
གནས་ཚུལ་དེ་གྲོང་ཁྱེར་ནང་གི་མི་མང་ཚོས་གོ་རྗེས་ཁོང་ཚོས་གླེང་གཞི་ཆེན་པོ་ཞིག་ཏུ་ངོས་བཟུང་ནས། རྩད་ཞིབ་དང་བགྲོ་གླེང་སྣ་ཚོགས་བྱེད་བཞིན་པའི་སྐབས་དེར། ཡང་ཟླ་བཅུ་བཞི་པའི་བདུན་ཕྲག་དང་པོའི་གཟའ་མཇུག་གི་ནང་<<རོ་ལངས་ཚགས་ཤོག་>>སྟེང་གནས་ཚུལ་ཆེན་པོ་ཞིག་བཀོད་འདུག
དེ་ནི་ལོ་གཉིས་སྔོན་གྱི་སྟེ་སྤྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༢ ཉིན་གྱི་གནས་ཚུལ་ཞིག་རེད། ཉིན་དེར་དོན་ངོ་མར་འཛམ་གླིང་རྒྱལ་སྤྱིའི་སྟེང་གི་ཤེས་རིག་གོ་སྡུར་ཚོགས་འདུའི་སྟེགས་བུའི་སྟེང་གཏམ་བཤད་པ་"ཁོ་"ཡིན་ནའང་། གཏམ་བཤད་བྱ་རྒྱུའི་སྔ་ཉིན་དེར་འགྲམ་གྱི་ལས་མི་དེས་ཡིག་གེ་རྫུས་མ་ཞིག་བཟོས་ནས། ཁོ་ལས་ཁུངས་ཕྱི་ལ་འགྲོ་བ་དང་སྟབས་བསྟུན་ཁོའི་མདུན་ལྕོག་སྟེང་བཞག ཡི་གེའི་ནང་གཏམ་བཤད་བྱ་རྒྱུའི་ལས་ཀ་དེ་མི་གཞན་ལ་སྤྲད་ཟིན་པ་དང་། ཁོ་ལ་དེ་རིང་དགོང་མོ་རང་དུ་Bགནམ་གྲུའི་ཐང་ནས་ T. C. རྒྱལ་སར་ངེས་པར་དུ་ཐོན་དགོས་ཚུལ་དང་། ད་དུང་ཡི་གེའི་མཇུག་ཏུ་ཡི་གེ་འདི་ནི་གོང་རིམ་ནས་བཏང་བ་ཡིན་ཚུལ་བྲིས་ཡོད། འགྲམ་གྱི་ལས་མི་དེས་ཡི་གེ་བཞག་མ་ཐག་ཁོའི་རྐུབ་སྟེགས་ལོགས་ཀྱི་ཡིག་ཆ་འཇོག་སའི་སྒམ་དེ་སྔོགས་ནས་ཁོས་གྲ་སྒྲིག་བྱས་ཟིན་པའི་གཏམ་བཤད་སྒྲོག་སྦྱང་གི་ཟིན་བྲིས་དེ་ཡང་ཁྱེར་ཕྱིན་ཚུལ་བྲིས་འདུག
རོ་ལངས་ཚགས་ཤོག་གིས་གྲོང་ཁྱེར་འདིའི་ནང་གི་གསང་བ་མང་པོ་ཞིག་རོ་ལངས་བརྒྱབས་པ་དང་འདྲ་བར་བཟོས་པས། མི་མང་ཚོས་གནས་ཚུལ་སྔོན་མ་དེ་དག་ཐག་གཅོད་མི་ཤེས་པར་གྱུར་པའི་ཁར་ད་ལྟ་ཁོང་ཚོའི་བསམ་པར་ཡང་བསྐྱར་<<མི་རབས་ཀླད་གོར་>>ཚོས་ཅི་ཞིག་རོ་ལངས་རྒྱག་ཏུ་བཅུག་ཡོང་སྙམ་བཞིན་རྔམ་གྲགས་ཀྱིས་བསྡད་ཡོད་པའི་སྐབས་དེར། དངོས་གནས་ཟླ་བཅོ་ལྔ་པའི་གཟའ་མཇུག་ནང་<<རོ་ལངས་ཚགས་པར་>>སྟེང་གནས་ཚུལ་ཚབས་ཆེན་ཞིག་བཀོད་འདུག
དེ་ནི་ལོ་གཅིག་སྔོན་གྱི་སྟེ་སྤྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༤ འཛམ་གླིང་དཔེ་ཀློག་ཉིན་མོ་རེད། ད་ལྟ་གྲོང་ཁྱེར་འདིའི་ནང་<<གྲིབ་ནག་ཁྲོད་དུ་>>ཞེས་པའི་བསྒྱུར་རྩོམ་གྲགས་ཅན་དེ་ནི་དོན་ངོ་མར་"ཁོས་"ལོ་གསུམ་སྔོན་དུ་བྲིས་ནས། གྲོང་རྡལ་འདིའི་ནང་གི་དཔེ་སྐྲུན་ཁང་དུ་བསྐུར་ནའང་། དཔེ་སྐྲུན་ཁང་གི་འགོ་གཙོས་ཁོ་ལ་སྒྲུང་རིང་དེར་རིན་ཐང་མེད་ཚུལ་བརྗོད་ནས་དཔར་གྱི་མིན་ཅེས་བཤད་ཡོད་ནའང་། གནས་ཚུལ་ངོ་མ་ནི་དཔེ་སྐྲུན་ཁང་དེས་ཁོའི་སྒྲུང་རིང་དེ་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཁྱེར་ནས་པར་སྐྲུན་བྱས་མ་ཐག་སྐད་གྲགས་ཆོད་ཅིང་ལོ་དེའི་དཔེ་དེབ་སྦྲིན་ཤོས་ཡིན། མ་ཟད་ལམ་སང་དེའི་སྙན་གྲགས་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་ཅིང་། ཕྱིས་སུ་ཀུ་ཤལ་གྲོང་རྡལ་ནང་གི་མི་ཞིག་གིས་ཀྱང་ཧྥ་རན་སིའི་སྐད་ནས་ཚུར་བསྒྱུར་པས། མཇུག་མཐར་དཔེ་དེབ་གཅིག་རྩོམ་པ་པོ་ཁོ་རང་གི་ལག་ཏུའང་སླེབས་ཚུལ་བཀོད་འདུག

ཅུང་རྗེས་ནས་དགེ་རྒན་ཆེན་མོས་ཁ་གྲག་བྱུང་།"དེ་ནི་ཀློག་པ་པོ་རང་རང་སོ་སོས་ལན་འཚོལ་དགོས་པ་རེད།" ཅེས་དང་། ཡང་ཁོང་གིས་བཤད་རྒྱུར་" དྲི་བ་འདིའི་ཐད་ལ་དེ་སྔོན་ཀློག་པ་པོ་གྲགས་ཅན་ཞིག་གིས་ལན་འདི་འདྲ་བཏབ་ཡོད་རེད།
ད་ལྟའི་དུས་རབས་འདིའི་ནང་ཤེས་ཡོན་པ་དང་དྲང་བདེན་པ་ནི་ནམ་ཡང་རྒྱབས་ལོགས་ནས་དང་། གྲིབ་ནག་གི་ཁྲོད་དུ་འཚོ་ཞིང་། སྤྱི་ཚོགས་ཀྱི་མངོན་དུ་བུད་མཁན་དག་ནི་ཏག་ཏག་སྐབས་འཚོལ་བ་དང་། དཔལ་འབྱོར་བ་རྣམས་ཡིན་ནའང་།
གྲིབ་ནག་ཁྲོད་ཀྱི་ཤེས་ཡོན་པ་དང་དྲང་བདེན་པ་ནི་ནམ་ཡང་རྟག་བརྟན་ཐེར་ཟུག་པ་ཡིན་པས། ཁོང་ཚོའི་གསལ་ཞིང་འཚེར་བའི་འོད་མདངས་ནི་དུས་རབས་གཞུག་མའི་ནང་གི་མིག་གསུམ་པ་ཚོས་མཐོང་སྲིད་ཅེས་བཤད་ཡོད་རེད།"ཅེས་གསུངས།
ཡང་ཁོང་གིས་ནན་ཏན་གྱི་ཚུལ་དུ་"ཡང་ཀློག་པ་པོ་གྲགས་ཅན་ཞིག་གིས་དྲི་བ་འདིའི་ཐད་ལ་ལན་འདི་འདྲ་ཞིག་ཀྱང་བཏབ་ཡོད་རེད་ …………………………..
མཐའ་མར་ཁོང་གིས་གསུང་རྒྱུར་"འོ་ན་ཁྱོད་ཀྱིས་དྲི་བ་འདི་ལ་ལན་ག་འདྲ་ཞིག་འདེབས་ས་རེད།"

20/02/2018