Sunday, March 22, 2020



ཀོང་བུའི་ནང་གི་ཚེ་འབར།


དུག་དང་རྫས་ཀྱི་ཁ་རླངས་བར་སྣང་དཀྲིགས།།

དགུན་གྱི་ཐལ་རླུང་འཚུབ་མོ་མཐོངས་སུ་འཕྱོ།།

གཤིས་ཀྱི་འོད་མདངས་འགྲིབ་པའི་ད་ཞག་ལ།།

ལོང་བས་ལོང་བའི་ཁྲིད་འདི་དགོད་རེ་བྲོ།།




རྒྱ་ཕིབས་འོད་མདངས་ལོག་པའི་དོ་ནུབ་འདིར།།

འཇའ་གུར་གོས་སུ་བཀླུབས་པའི་ཅོང་བརྡ་ཡང་།།

ཙག་གིས་བྱིད་དེ་སྐད་ངག་མི་འཁྲོལ་བ།།

དགོངས་ཁའི་མཚམས་སྤྲིན་སེེར་པོའི་མིག་ཆུ་ཅིག །

2020

Tuesday, February 25, 2020

{གནམ་སྔོན་པོ། སྤྲིན་དཀར་པོ།}





















གནམ་སྔོན་པོ། སྤྲིན་དཀར་པོ།


ལྷོ་རླུང་གི་གྲང་རླུང་རེ་རེ་རྡེབ་དུས།

སེམས་པའི་ཁྲལ་ཁྲུལ་བཟོས་རྐྱེན་གྱིས།

མིག་མདུན་གྱི་ཅ་དངོས་མང་པོ་ཞིག་ནི་སྐྱུག་བྲོ་བ་ལའང་།



དུས་ཚིགས་འདི་དག་ལ།

གནམ་སྔོན་པོར་སྤྲིན་དཀར་པོ་རྒྱུ་དུས།

སེམས་ཡན་ཞིག་གིས་ད་གཟོད་མལ་ལས་ལང་དགོས་པའི་སྐུལ་བརྡ་གཏོང་།



ཚ་གདུག་གིས་འཇོམས་པའི་སྔོ་ལྗང་དེ་ཚོ་མགོ་བོ་དུད་ནའང་།

སྤྲིན་དཀར་ཕུང་པོ་ཁོ་ན་དལ་བྲེལ་མེད་པར་རྒྱུ་སྟངས་ལས།

འབྱུང་སྲིད་པའི་རྟོག་ལྗོངས་མང་པོ་ཞིག་འཚངས་འོང་བས།

ནམ་མཁར་ཅེར་ནས།

གནམ་སྔོན་པོ། སྤྲིན་དཀར་པོ།

ངའི་ཕ་ཡུལ་གྱི་མགོ་ཐོག་གི་གནམ་གཤིས་དང་ཅི་འདྲའི་མཚུངས་ཨང་།



Jun/4/2017 རིག་མཛོད་རྩོམ་སྒྲིག་ཁང་དུ་ཉིན་དགུང་བྲིས།



Wednesday, February 5, 2020

{དེང་སང་ང་ཡང་འཕྲུལ་ཆས་ཀྱི་མི་རུ་འགྱུར་བཞིན་འདུག}

























དེང་སང་ང་ཡང་འཕྲུལ་ཆས་ཀྱི་མི་རུ་འགྱུར་བཞིན་འདུག།


ཐོ་བས་གྱོ་མོར་བྱས་པའི་ཞ་ཉེ་འདི།།

གཟེར་བུས་ཚགས་ཀ་སྤྲད་པའི་སྒྱེ་སྣོད་ཅིག།།

སྐམ་པ་གཅུས་གཟེར་བཏབ་པའི་གདོང་འབག་འདི།།

ལྕགས་ཀྱི་མཆུ་རིང་ཐོགས་མཁན་དགྱེས་ཚོད་རེད།།



ཡ་ཐོད་ས་ལ་འབོར་བའི་དོ་ཞག་འདིར།།

སྐྱི་ལྤགས་འཛུམ་གཅིག་ཤོར་ཐལ་ཁ་སང་རང་།།

གྲིབ་མ་རྡོག་པས་འཐུ་བའི་ཐན་ལྟས་དེ།།

དགུན་ལོ་སེར་པོ་ཡིན་ཡང་ཉུང་བའི་ཚོད།།



2020






Monday, January 27, 2020

{ལག་གཡུག་ཅིག}























ལག་གཡུག་ཅིག


གཏན་ཚིགས་གྱོང་པོ་དེས་མགོ་བོ་བརྡུངས་བརྡུང་ནས།། 

ཚོར་སྣང་ཐན་ཐུན་གྱི་སྐད་ཆ་བརྗེད་དེ་ཐལ།།

གློག་འོད་ཁྲ་ཁྲ་དེས་མགོ་སྐོར་བཏང་བཏང་ནས།།

ང་དང་སྙན་ངག་གི་འབྲེལ་བ་རྦད་དེ་ཆད།།



ཀ་མད་སུམ་ཅུ་ཡི་གྲིབ་གཟུགས་ཉུལ་ཉུལ་ནས།།

ཁྱེད་ཚོར་ཨ་ལན་གྱི་ལག་གཡུག་གཅིག་ཀྱང་མེད།།

སོར་མོ་ལྔ་པོ་དེས་དྲ་འབུ་བཏགས་བཏགས་ནས།།

མཐེ་བོང་བཀར་རྒྱུ་ཡང་དྲན་པ་བརྗེད་དེ་ཐལ།།



གྲམ་ཐང་ས་རྡུལ་དེ་འཕྱག་ཞོར་བྲུག་ཞོར་ནས།།

ལྷགས་པ་འཇབ་བུ་དེ་ཚུར་ཚུར་ཅེར་ཞིང་འོང་།།

སྒོ་མོའི་སྲུབས་ཀ་དེ་དར་གྱིས་མདུད་ན་ཡང་།།

ལྷགས་པའི་ཤག་སྒྲ་དེས་རྣ་བར་གཙེས་པ་མང་།།


2020





Tuesday, January 7, 2020

{བཞི་ཤད་དང་། དབུ་ཁྱུད།}

















བཞི་ཤད་དང་། དབུ་ཁྱུད།


སེམས་ཀྱི་སྙན་ངག་བསླས་པའི་དུས་ཚིགས་ཁྲོད།།

འཇའ་འོད་མཁའ་ལ་དེངས་པའི་རྨི་ལམ་ན།།

ཚེ་འབར་མཐོངས་སུ་མཆེད་པའི་གཏམ་རྒྱུད་འདི།།

དོ་དགོང་མལ་ས་དྲོ་བའི་གཉིད་ཐུན་ཞིག།།



ཁ་བ་གངས་ཀྱི་སྐྲ་དཀར་ཉག་མ་དེའི།།

སྲོག་གི་རྒྱུན་བུ་སྙིང་ལ་སྦྲེལ་བ་ཡང་།།

རླབས་ཀྱིས་རི་མོ་འདེད་པའི་ས་ཚིགས་འདིར།།

གོམ་པའི་སྟེགས་བུར་འཆའ་བའི་ལྔ་ལྟས་ཡིན།།



རུས་གང་རྡོ་ལ་བསྲེས་པའི་མཆིལ་མ་འདིས།།

མེ་ལོང་ནག་པོོའི་ངོས་ཀྱི་དྲེག་པ་ཡང་།།

ལྷོ་མཐའི་རྒྱ་མཚོའི་ངོགས་ཀྱི་བྱེ་ཐང་ནས།།

སྟོང་ལོ་བཅུ་དགུའི་གོམ་པས་བཀྲུས་ན་ཡོད།།




2020


ཕར་ངོགས་སྣང་ལྷང་ལ་ཕུད་ཅིག་དང་།།

སྨུ་ཐག་རྒྱུན་བུའི་མཇུག་མ་བསྲིངས་ནས་ཡོང་།།

ཁོང་གི་སྙིང་ཁྲག་གདུས་ནས་གྲབས་བྱོས་དང་།།

སྟོ་ལོ་ཉི་ཤུ་འདི་ཡང་བརྒལ་ནས་འགྲོ།།


༢༠༢༠/༡/༡ སྤྱི་ལོ་གསར་ཚེས། མཚན་དགུང་ཆུ་ཚོད་ ༡༢ ཐོག་རང་མལ་ནས་བྲིས།

Tuesday, November 26, 2019

{ཁད།} (ཞར་བཀོད་ཚན་པ་གཅིག)












ཁད།

(ཞར་བཀོད་ཚན་པ་གཅིག)


དགུན་གྱི་ལྷགས་རླུང་འུར་གྱིས་གཡུག།།

མཁུར་མགོ་ཟུང་ཡང་འཁྱག་ལ་ཁད།།

སེམས་པ་རྡོ་བར་འགྱུར་དུས་འདིར།།

གྲང་ཟུག་ཅིག་ཀྱང་རྒྱག་ལ་ཁད།།



གནམ་ངོ་ངུ་བའི་ལྔ་ལྟས་སུ།།

འཛུམ་བག་མེད་པའི་ངོ་གདོང་མང་།།

ཙག་གི་སྦྲིད་པའི་སྙིང་ཤ་ཡང་།།

འདར་གསིག་ཅིག་ཀྱང་རྒྱག་ལ་ཁད།།



སྨྲ་བ་མེད་པའི་ད་ཞག་ལ།།

ལྗིད་ཅིང་ནོན་པའི་རྡོག་ཁྲེས་ཤིག །

མགོ་བོ་དུད་པའི་མི་ཚོགས་ཁྲོད།།

མིག་ཟུང་རད་པ་འཁྱག་ལ་ཁད།།

༢༠༡༩



ཞོགས་པའི་འཇམ་ཆར་བསིལ་མ།


ཐག་རིང་དུ་བསྲིངས་པའི་རྒྱ་ལམ་སྟེང་།
ང་ཁོ་ན་འགྲེངས་ནས་ཡོད།

ད་ལྟ།
ཞོགས་པའི་འཇམ་ཆར་སིབ་སིབ་ཅིག་འབབ་བཞིན་ཡོད་ནའང་།
ལམ་ཟུར་གྱི་ལྗོན་ཤིང་ཚོགས་ནི་སྨྲ་བ་མེད་པར་ཀྲོང་ངེར་འགྲེངས་ཤིང་།
རྒུན་འབུ་འཐུ་བའི་བྱེའུ་ཚོགས་ནི་སྔ་ས་ནས་འཕུར་སོང་།

མཐོང་ལམ་ནི་སྨུག་པ་ལང་ལོང་ཞིག་གིས་བསྒྲིབས་ནའང་།
ཟིལ་པས་དུད་པའི་རྩྭ་ལྗང་ཕོན་པོ་ནི་སྔར་བཞིན་ཁུ་སིམ་མེར་རེད།

༢༠༡༩ རྒྱ་ལམ་ཞིག་གི་སྟེང་དུ་བྲིས།





Monday, November 25, 2019

{མུན་པར་འཁྱུད་པ།}





















མུན་པར་འཁྱུད་པ།


མུན་པ་གདངས་སུ་བཀུག་པའི་དོ་ནུབ་འདིར།།

དབྱངས་གསལ་རྡོ་ལ་རྡེབ་པའི་གྲིབ་གཟུགས་ཁྱོད།།

འཇག་མ་ཤུགས་གླུ་ལེན་པའི་འོབས་དོང་ན།།

གློག་སྒྲོན་མུན་པར་འཁྱུད་པའི་སྣེ་མོ་རེད།།



ཚེ་སྲོག་རྡུལ་དུ་བརླགས་པའི་འཐབ་རར་ཡང་།།

སུག་པ་མེ་རུ་བསྒྲོན་པའི་དཀར་ངོགས་ནས།།

མི་སྐད་ཐུར་དུ་དུད་པའི་ཁུ་ཚུར་དེ།།

སྣང་བ་ཡུད་ཅིག་ཡིན་འགྲོ་ཐལ་ལེ་བ།།



གོམ་སྒྲས་རྣ་བ་བཀད་པའི་གཅེར་བུ་བ།།

ཁྱོར་བ་གནམ་ལ་བཟེད་པའི་ཐན་ལྟས་དེ།།

བྲང་རུས་འཁྱག་ལ་འབྱར་བའི་ཀྱེ་ཧུད་ཅིག།།

ལྷང་ལ་ཕུད་འདི་ཁྱོད་ཀྱི་སྐད་པ་རེད།།


2019