ཚིག་གི་ཞུན་ཐར། སྙན་པོ། སྙན་ངག།
རྣམ་པ་ནི་ནང་དོན་ནོ།།
སྙན་ངག་ནི་སྙན་དགོས་པ་རེད། སྙན་དགོས་ན་སྙན་ངག་གི་སྐད་ཆ་ལ་ཞུན་ཐར་ཆོད་དགོས་པ་རེད།
སྙན་ངག་གི་སྐད་ཆ་ནི་བཙོ་སྦྱངས་ཡང་ཡང་བྱེད་དགོས་པ་རེད། སྙན་ངག་གི་སྐད་ཆ་ནི་སྐད་ཆའི་རྒྱུ་རྩལ་གྱི་ཆེས་ཕུལ་བྱུང་དེ་རེད།
སྙན་ངག་གི་སྐད་ཆ་ནི་གསེར་གྱི་ཡང་ཞུན་རེད།
དེས་ན་ཚད་མཐོ་བའི་སྙན་ངག་ཅིག་འཁྱོང་ཐུབ་པ་ལ་ནང་དོན་ཟབ་དགོས་པ་གཞིར་བཞག་སྟེང་།
སྙན་ངག་གི་སྐད་ཆའམ་ཚིག་ལ་ཞུན་ཐར་ཆོད་པ། ཞུན་ཐར་ཆོད་ན་སྙན་པོ། དེའི་རྗེས་ནས་སྙན་ངག་ཅིག་གཞི་ནས་འགྲུབ་འོང་བ་རེད།
གལ་ཏེ་ཁྱེད་ཀྱིས་བྲིས་པ་དེ་སྙན་ངག་ཡིན་ན།
སྙན་པོ་དགོས། སྙན་པོ་དགོས་པ་ལ། སྙན་ངག་གི་སྐད་ཆ་ལ་ཞུན་ཐར་ཆོད་དགོས་པ་རེད། དེ་ལྟའི་བརྒྱུད་རིམ་ཞིག་གི་འོག་ནས་སྙན་ངག་ཅིག་འགྲུབ་འོང་བ་རེད།
དེས་ན་སྙན་ངག་རྩོམ་རིག་ལོ་རྒྱུས་ཁྲོད་དུ་དང་།
སྙན་ངག་རྩོམ་རིག་སྡིངས་ཆའི་སྟེང་དུ་འདི་ལྟར་སྡོམ་ཚིག་ཅིག་བྱུང་མྱོང་བ་རེད། "རྣམ་པ་ནི་ནང་དོན་ནོ།།"
སྙན་ངག་གི་སྐད་ཆར་ཞུན་ཐར་ཆོད་པོ་གྱིས།
སྙན་ངག་ལ་སྦྱོང་བ་བྱེད་མཁན་ལས་དང་པོ་བ་ཞིག་གི་ངོས་ནས་བསམས་ན།
ཁོས་བྲིས་པའི་སྙན་ངག་གི་སྐད་ཆའམ་ཚིག་སྦྱོར་དེ་ནམ་རྒྱུན་ཡོངས་གྲགས་ཀྱི་སྐད་ཆ་དེ་བེད་བྱས་ནས་འབྲི་བ་ལས།
ཁོ་རང་སྒེར་ལ་བེད་སྤྱད་རྒྱུའི་ཐུན་མིན་གྱི་བརྡ་ཆད་མེད་པ་རེད། ཁོས་བྲིས་པའི་སྙན་ངག་གི་སྐད་ཆ་དེ་ནམ་རྒྱུན་ནས་མཐོང་རྒྱུ་ཡོད་པའི་ཐ་སྙད་དེ་ཚོ་ལས་བརྒལ་ཐུབ་མེད་པ་རེད།
སྙན་ངག་གི་སྐད་ཆ་བེད་སྤྱོད་སྟངས་ཀྱང་སྙན་ངག་གཅིག་གི་ནང་ཆ་མི་སྙོམས་པ། མཐོན་དམན་ཤོར་བ།
ཆོས་ཚིག་དང་ཕལ་ཚིག་འདྲེས་པ། ཡུལ་དུས་དང་འགལ་བ། བསྐྱར་ཟློས་སུ་སོང་ནས་སྙན་ཆ་མེད་པ་སོགས་ཡོང་གི་ཡོད་པ་རེད།
དེ་འདྲ་ཅིའི་ཕྱིར་བྱུང་བ་ཡིན་ནམ། དེས་ན་ཁྱོད་ཀྱིས་སྙན་ངག་འབྲི་བར་སྙན་ངག་གི་སྐད་ཆ་སྙན་པོ་བཟོ་དགོས་པ་རེད།
སྙན་པོ་བཟོ་བ་ལ་སྙན་ངག་གི་སྐད་ཆར་ཞུན་ཐར་ཆོད་པོ་དགོས་པ་རེད། སྐད་ཆར་ཞུན་ཐར་ཆོད་པ་ལ།
སྙན་ངག་པ་ཐུན་མིན་སྒེར་ཚུགས་ཅན་གྱི་སྙན་དེབ་མང་པོ་བཀླག་དགོས་པ་རེད། དཔེར་ན་སེང་རྡོར་གྱི་དཔེ་དེབ་བཞིན།
ཐེ་ཀོར་གྱི་སྙན་ངག་དཔེ་དེབ་བཞིན།
དཔེ་དེབ་བཀླགས་པ་གཅིག་པུས་གོ་མི་ཆོད་པ་རེད།
ནང་གི་སེམས་ཚོར་དང་ཕྱིའི་ཁོར་ཡུག་གི་གནས་བབ་དམིགས་བསལ་བ་ཞིག་གི་འོག་ནས་སྙན་ངག་འབྲི་བར་འབད་རྩོན་བྱེད་དགོས་པ་རེད།
ཁྱོད་ཀྱིས་སྙན་ངག་རྐང་བརྒྱ་བྲིས་པའི་དབང་དུ་བཏང་ན།
ཁྱོད་ཀྱི་སྙན་ངག་གི་སྐད་ཆར་ཞུན་ཐར་ཏོག་ཙམ་ཆོད་ཡོང་གི་རེད།
སྙན་ངག་གི་སྐད་ཆར་ཞུན་ཐར་ཆོད་ཟེར་བའི་དོན་ཡང་འདི་འདྲ་རེད།
ཁྱོད་ཀྱིས་སྙན་ངག་ཅིག་བྲིས་པའི་དབང་དུ་བཏང་ན། སྙན་ངག་དེའི་སྐད་ཆའམ་ཚིག་སྦྱོར་དེ་གཞན་དང་མི་འདྲ་བ་ཞིག་ཆགས་ཡོང་གི་ཡོད་པ་རེད།
སྙན་ངག་ཏུ་བྲི་བྱའི་དོན་དེ་སྙན་ངག་གི་སྐད་ཆའི་ལམ་ནས་འབྲི་སྐབས་ཐབས་རྩལ་ཁྱད་ཚར་དང་།
རྗོད་སྟངས་ཆེས་ངོ་མཚར་ཅན་ཞིག་གི་སྒོ་ནས་བརྗོད་འོང་བ་རེད། སྙན་ངག་ཏུ་བྲི་བྱའི་དོན་གཅིག་དེ་མི་བརྒྱ་ཡིས་སྙན་ངག་གི་སྐད་ཆ་བེད་སྤྱོད་གཏོང་སྟངས་མི་འདྲ་བ་སྒོ་ནས་བྲིས་ཡོང་སྐབས།
མི་རེ་རེའི་ཐབས་རྩལ་མི་འདྲ་བ་རེད། བརྗོད་དོན་མཚོན་པའི་ཆེད་དུ་མི་རེ་རེས་ཐབས་རྩལ་མི་འདྲ་བ་རེ་བེད་སྤྱད་ཡོད་པ་རེད།
དེའི་ནང་ནས་སྙན་ངག་གི་སྐད་ཆ་དེ་ཆེས་ཐབས་རྩལ་རྨད་དུ་བྱུང་བ། ཆེས་ངོ་མཚར་ཅན། ཆེས་དྲན་རིག་རྒོས་པོས་སུས་བརྗོད་ནའང་ཁོའི་སྙན་ངག་དེ་ཕུལ་དུ་བྱུང་བའི་གྲས་སུ་ཚུད་འགྲོ་བ་རེད།
དེ་ལྟའི་གནས་བབ་འོག་ནས་ཁོའི་སྙན་ངག་དེ་གཞན་དང་མི་འདྲ་བ་ཐུན་མིན་གྱི་ཁྱད་ཆོས་ཅན།
རང་གཤིས་སྒེར་ཚུགས་ཅན་ཆགས་འགྲོ་བ་རེད། དཔེར་ན་སེང་རྡོར་གྱི་སྙན་ངག་བཞིན།
མཚམས་འདིར་རྩོམ་རིག་གི་བརྡ་ཆད་བེད་སྤྱོད་བཏང་ནས་བཤད་ན།
"རྩོམ་གཤིས།" "སྙན་ངག་གི་རང་གཤིས།" ཞེས་པ་དེ་འབྱུང་བ་རེད།
ཡང་སྐད་ཆ་གཞན་ཞིག་གིས་བཤད་ན། "རྩོམ་གཤིས་ཁ་དམ་མིན།"
"གོ་དཀའ་སླ།" ཟེར་བ་དེ་འབྱུང་བ་རེད།
དེས་ན་ཁྱོད་ཀྱི་སྙན་ངག་དེ་སྙན་དགོས་ན། སྙན་ངག་གི་སྐད་ཆར་ཞུན་ཐར་ཆོད་པོ་གྱིས།
སྙན་ངག་གི་སྐད་ཆར་བཙོ་སྦྱངས་ཡང་ཡང་བྱས་ནས་གསེར་གྱི་ཡང་ཞུན་ལྟ་བུ་བཟོ་དགོས་པ་རེད།
ག་འདྲ་ཞིག་ལ་སྙན་པོ་ཟེར་རམ།
སྙན་ངག
ས་བཅད་ཕྱི་མ་གཉིས་ཀྱི་དོན་དེ་ཐེངས་རྗེས་མར་མུ་འགོད་བྱ་རྒྱུ་ཡིན།
No comments:
Post a Comment