གནམ་ངོ་ངུ་སྟངས་ཤིག
དོ་དགོང་གི་ངོ་གདོང་གནག་འདུག།
དེད་ཤ་དེ་མང་རང་དྲགས་སམ།།
ཆར་ཤོད་ཀྱི་ཐིགས་པ་མིན་པའི།།
སྙིང་ག་དེ་ཁོལ་ནས་ཡོང་ངམ།།
ཕ་རོལ་གྱི་མིག་ཟུང་དྲེད་པོ།།
འབྲོང་རུས་ཀྱི་རྣམ་འགྱུར་དོད་དམ།།
སྐྱོ་དབྱངས་ཀྱིས་སེམས་པ་བཙགས་པ།།
ཚིག་རིས་ལ་འགུལ་གཟུགས་དོད་འདུག།
གྲུ་ཟུར་དེའི་རླུང་ཡན་ལྡོམ་པོ།།
རྣ་སྦུག་ལ་ཚེར་མ་བཙུགས་སམ།།
མེ་ལོང་གི་འོད་མདངས་ཟད་པོ།།
ངུ་ཤུམ་གྱི་མིག་ཆུ་རྡོག་ཅིག།
སྐྲ་ལོ་དེ་དབྱངས་སུ་སྡེབས་དང་།།
བྱིན་པ་དེ་སོས་པ་ཡིན་ནམ།།
སེང་རས་ཀྱིས་བསྒྲིབས་པ་མ་རེད།།
ཕ་རོལ་གྱི་སྣུམ་ཤ་བསྲེགས་སྲིད།།
ཕྱིར་ལྡོག་པ།
མེ་ལོང་བྱད་ཀྱིས་གཏོར་བའི་སྔ་དགོང་དེ།།
ཉི་མ་འོད་ཀྱིས་བསྒྲིབས་པའི་མུན་པ་རེད།།
སྨུག་སྤྲིན་ས་རུ་ཟགས་པའི་རླངས་པ་དེ།།
རྒྱ་མཚོ་མཁའ་རུ་འཁྱོམས་པའི་རྨི་ལམ་རེད།།
དགུ་ཚིགས་ས་ལ་ཐོར་བའི་ཤོབ་ཆེན་དེ།།
ངུ་བའི་མིག་ཆུ་ཁོང་ནས་རྒོད་སྟངས་རེད།།
རྒྱ་སེ་ཚེར་མར་འཁྱུད་པའི་ཨ་ཚ་དེ།།
མཛེས་སྡུག་སྙི་རོ་ཕྱིར་ལ་ལོག་སྟངས་རེད།།
2019
No comments:
Post a Comment