Wednesday, December 26, 2018
















བལ་ཡུལ་གྱི་ཟིན་བྲིས།


བལ་པོའི་བུ་མོ་ཁ་དམར་ཅན།

འཕོངས་ཚོས་རྡོག་རྡོག་གཟུགས་པོ་ཆུང་ཆུང་ཞིག།།
དོར་མ་དོག་པོར་བརྒྱངས་ནས་ངོམ་སྟངས་དེ།།
རྒྱལ་ས་ཐ་ལ་མན་གྲུའི་སྲང་ལམ་ན།།
གོམ་པས་གོམ་པ་གཤིབས་ནས་འདུར་བཞིན་འདུག།།

སྐྱེ་གཟུགས་ཐུང་ཐུང་འཇུར་རྟ་རིང་པོ་ལ།།
ཤ་མདོག་ནག་པོར་བྱུགས་རྫས་ཁྲ་ཁྲ་ཅན།།
མིག་ཤེལ་ནག་པོར་མཆུ་སྒྲོས་དམར་པོ་དེར།།
དགུན་གྱི་ཐལ་རླུང་དེ་ཚོས་འཐམ་གྱིན་འདུག།།

11/feb/2017 བྱ་རུང་ཁ་ཤོར་ཉེ་འདབས་ནས་བྲིས།


བག་ལེབ་དང་བཀའ་བཀྱོན་མཉམ་དུ་བྱིན་པ།

སྤྲུལ་སྐུ་སྲིད་དོན་ཅན་དེར་མཇལ་དགོས་ཟེར།།
ཆོས་ཚོང་བླ་མ་དེ་ལ་བསྟུན་དགོས་ཤོད།།
སྐད་འཕྲིན་ཅན་གྱི་ཁ་པར་ཉོ་དགོས་ཟེར།།
ཡོན་ཏན་གཅིག་པུས་གོ་མི་ཆོད་དོ་ལོ།།

རླབས་ཆེན་དམིགས་ཡུལ་གླེང་དུས་མི་ཤེས་ཟེར།།
སྐད་ཡིག་རིག་གནས་བགྲོ་གླེང་མི་བྱེད་ཟེར།།
མ་གོ་མ་ཤེས་མགོ་བོ་འཕྲེད་གཡུག་གིས།།
ཡ་གིར་མ་གིར་བྲིས་ཤིག་ཟེར་ནས་གཡོལ།།
14/feb/2017བྱ་རུང་ཁ་ཤོར་ཉེ་འདབས་ནས་བྲིས།


བྱ་རུང་ཁ་ཤོར་ངུ་བ།

མི་དང་ཁྱི་སྐད་འཇགས་པའི་སྲང་ལམ་ན།།
ཆང་བཟི་ལྡོམ་པོའི་ཇགས་ཚོགས་རྡོལ་ནས་ཡོང་།།
དཔུང་པས་དཔུང་པ་བརྡར་བའི་སྐོར་ལམ་ན།།
སྨད་འཚོང་བུ་མོ་ཕྱག་རྒྱ་ཀེར་བཞིན་འདུག།།

དཀྱུས་རིང་སྤྱན་ཟུང་རྟགས་ཅན་ཚོང་ཟོག་ལ།།
བྱ་རུང་ཁ་ཤོར་ཅན་གྱི་མིང་བྱང་གིས།།
ཀླད་གོར་མང་པོའི་ཤོག་སྒོར་སྡུད་སྟངས་དེར།།
འདྲེན་བྱེད་རིང་མོ་ཟུང་ལས་མིག་ཆུ་བཞུར།།

མ་ཎི་དབྱངས་སུ་གྱེར་བའི་རྒན་རྒོན་ཚོས།།
སྡིག་བཤགས་མཆོད་པ་བྱེད་པའི་སྔུན་སོ་ན།།
གྲྭ་རྒན་འཕྲེང་པ་ཐོགས་པའི་ལག་ཁུག་ནང་།།
བྱ་ཤ་ཕག་ཤའི་དམར་དྲི་འཐུལ་ནས་ཡོང་།།

16/feb/2017བྱ་རུང་ཁ་ཤོར་ཉེ་འདབས་སུ་བྲིས།


རྒྱལ་ས་ཐ་ལ་མན་གྲུར་གཡོལ་བ།

ང་ཡི་ཤམས་ཐབས་ཐུ་སྣེར་ཐལ་བ་གོས།།
འཇུར་ཏ་སྨུག་མདོག་ཅན་ཡང་འདམ་གྱིས་བསྣོགས།།
མིག་ཤེལ་སྦུད་ཀྱིས་གཡོགས་པའི་སེམས་ཁྲལ་གྱིས།།
རྒྱལ་ས་ཐ་ལ་མན་གྲུར་གཡོལ་ནས་ཡོད།།

བྱ་རུང་ཁ་ཤོར་ཉེ་འདབས་སུ་བྲིས།















No comments:

Post a Comment