Friday, February 1, 2019























བོད་ཀྱི་སྲོལ་རྒྱུན་སྙན་ངག་ཐུན་མོང་མིན་པའི་ཚད་མཐོ་ཤོས་དེ་
ཆོས་པ་སྙན་ངག་པས་བཟུང་ཡོད།


བོད་ཀྱི་སྲོལ་རྒྱུན་སྙན་ངག་པ་ལ་བལྟས་ན་རིགས་གཉིས་སུ་དགར་ཆོག་སྟེ། ཆོས་པ་དང་འཇིག་རྟེན་མི་སྐྱ་གཉིས་རེད། དེས་ན་འཇིག་རྟེན་མི་སྐྱས་བྲིས་པའི་སྲོལ་རྒྱུན་སྙན་ངག་དེ་ཆོས་པ་སྙན་ངག་པས་གོ་ཐུབ་ནའང་། ཆོས་པ་སྙན་ངག་པའི་སྙན་ངག་ཐུན་མོང་མིན་པ་སྟེ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དང་སྦྱར་ཞིང་། དེའི་ལྟ་གྲུབ་མཚོན་བྱེད་ཀྱི་མདོ་སྔགས་སོ་སོའི་ཆོས་ཚིག་བེད་སྤྱད་ནས་བྲིས་པའི་སྙན་ངག་གོ་དཀའ་བའི་རིགས་རྣམས་ཆོས་པ་སྙན་ངག་པ་ཁོ་ནས་གོ་ཐུབ་པ་ལས། གཞན་སུ་ཞིག་གིས་ཀྱང་གོ་ཐུབ་པ་མ་རེད།
དེས་ན་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དང་སྦྱར་ཞིང་ཆོས་ལུགས་དེའི་ཆོས་ཚིག་བེད་སྤྱད་ནས་བྲིས་པའི་སྙན་ངག་ནི་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཐུན་མོང་མིན་པ་ཡིན་ལ། དེ་འདྲའི་ལྟ་གྲུབ་དང་ཆོས་ཚིག་གཉིས་ཀ་བེད་སྤྱད་ནས་བྲིས་པའི་སྙན་ངག་ནི་འཛམ་གླིང་རྩོམ་རིག་ལོ་རྒྱུས་ཐོག་གཅིག་ཁོ་ནས་ལས་གཉིས་པ་ཞིག་མེད། མ་ཟད་བོད་ཀྱི་ཐུན་མོང་མིན་པའི་སྙན་ངག་ཅིག་སྟོན་ཟེར་བའི་དབང་དུ་བཏང་ན། དེ་ཁོ་ན་ལས་གཞན་སྟོན་དུ་མེད་པ་རེད།  དམངས་གླུ་རྣམས་ཀྱང་དེ་གཉིས་སུ་ཁ་ཚོན་ཆོད་ཡོད། གཞན་སྙན་ངག་ལྷག་མ་རྣམས་ནི་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་དནྜིའི་མེ་ལོང་མ་དང་། ནུབ་ལུགས་དེང་རབས་རིང་ལུགས་ཀྱི་འདྲ་པར་ཙམ་རེད།
ང་ཚོས་བསམ་བློ་ཞིབ་ཏུ་བཏང་ན་ད་ཡོད་དུས་རབས་ནང་དེའི་འདྲའི་ཆོས་པའི་སྙན་ངག་གསར་པ་ཞིག་མཐོང་རྒྱུ་འདུག་གམ། དེ་མེད་པའི་རྒྱུ་མཚན་ནི་ཆོས་པ་སྙན་ངག་པ་རྒྱུན་ཆད་ཚར་བ་རེད། ད་ལྟ་ང་ཚོ་ལ་ཡོད་པ་ནི་དུས་རབས་ཉེར་གཅིག་སྔོན་གྱི་ཆོས་པའི་སྙན་ངག་ཁོ་ན་ལས་མེད་པ་རེད།  བོད་ཀྱི་སྲོལ་རྒྱུན་སྙན་ངག་ཐུན་མོང་མིན་པའི་ཆོས་པ་སྙན་ངག་པ་དུས་རབས་ཉི་ཤུའི་ནང་ན་མཇུག་སྡོམ་བརྒྱབས་ཟིན་ཚར་འདུག།
དེས་ན་ངས་འདིར་བཤད་འདོད་པ་ནི། བོད་ཀྱི་སྲོལ་རྒྱུན་སྙན་ངག་ཐུན་མོང་མིན་པའི་ཚད་མཐོ་ཤོས་དེ་ཆོས་པ་སྙན་ངག་པས་བཟུང་ཡོད་པ་ལས། འཇིག་རྟེན་མི་སྐྱས་བཟུང་མེད་ཟེར་བ་ཡིན།
ད་དུང་ཁྱེད་ཚོ་ཡིད་མ་ཆེས་ན། དུས་རབས་ཉི་ཤུའི་སྔོན་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་སོ་སོའི་ལྷ་ཀླུ་གཞི་བདག། ཆོས་སྐྱོང་སྲུང་མ་སོགས་ལ་བསྟོད་པའི་སྙན་ངག་རྣམས་ཏེ། དེང་སང་གི་བཤད་སྟངས་ལྟར་བྱས་ན་གསོལ་ཁ་ཟེར་བ་རེད། དེ་ལྟ་བུའི་ཆོས་པའི་སྙན་ངག་ཚད་མཐོན་པོ་དེ་འདྲ་ཆོས་པས་གོ་རྒྱུ་ལས། འཇིག་རྟེན་མི་སྐྱས་གོ་རྒྱུ་མ་རེད།
ངས་གོང་དུ་བཤད་ཟིན་པ་ལྟར་དེ་ལྟའི་སྙན་ངག་ནི་དུས་རབས་ཉི་ཤུའི་ནང་མཇུག་བསྡོམས་བརྒྱབས་ཟིན་པ་དངོས་ཡོད་ལ་སྙོན་དུ་མེད་པ་ཡིན་ཏེ། དེང་སང་གསོལ་ཁ་སྙིང་པའི་ལག་ཆ་ཁྱེར་ནས་སྒོར་མོ་བསྡུ་རུབ་བྱེད་པ་ལས། དེ་ལྟ་བུའི་ཆོས་པའི་སྙན་ངག་གམ་གསོལ་ཁ་ཞིག་གསར་དུ་རྩོམ་མཁན་མེད་པ་རེད།
སྐད་ཆ་འདི་དག་ལས་ནམ་རྒྱུན་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་དཔྱད་པ་བྱེད་ཀྱི་ཡིན་ཟེར་མཁན་ཚོར་གོ་རྒྱུ་དང་མྱོང་རྒྱུ་ཡོད་སྲིད་པ་རེད། སྐད་ཡིག་དང་རིག་གཞུང་སྐྱོབ་དགོས་ཟེར་མཁན་གྱི་གད་སྙིགས་སྒྲུག་མཁན་ཚོར་ཅི་ཞིག་དྲན་དུ་འཇུག་རྒྱུ་རེད། སྙན་ངག་པ་ཡིན་ཟེར་མཁན་ཚོར་བློ་ངོར་དྲི་རྟགས་འཆར་རྒྱུ་རེད།
གཤམ་དུ་གངས་རིའི་ལྗོངས་ཀྱི་ཆོས་པ་སྙན་ངག་པ་ཆེན་པོ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་སྙན་ངག་གཅིག་ཁྱེད་རྣམ་པའི་སྤྱན་སྔར་བསྟར་ཡོད། དགྱེས་གཟིགས་གནང་ཆོག།

༠༢/༠༢/༢༠༡༩/


ཀློང་ཆེན་སྙིང་གི་ཐིག་ལེ་ལས་བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ།

སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་པོ།།
འགག་མེད་དཔལ་ལྡན་རང་བྱུང་རྒྱལ་མོ་དང་།།
དཔལ་མགོན་སྡེ་ལྔ་ལྕམ་དྲལ་བཀའ་སྡོད་བཅས།།
ཡེ་ཤེས་དབྱིངས་སུ་དབུ་འཕང་བསྟོད་པར་བགྱི།།
རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་གཟུགས།།
ཀུན་ཁྱབ་བདེ་ཆེན་ངང་དུ་རོ་གཅིག་ཀྱང་།།
མ་རིག་འཛིན་པའི་ལས་རླུང་གིས་སྤྲུལ་པའི།།
གཡར་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྲེ།།
འདས་པའི་རྣམ་པར་རྟོག་པ་ཡོད་དོ་ཅོག
སྔ་བཅོལ་ལེགས་པའི་གཏང་རག་གཉན་པོ་སྤེལ།།
མ་འོངས་རྣམ་པར་རྟོག་པ་གནས་བསྒྱུར་ནས།།
ད་བཅོལ་ལེགས་པའི་ཞུ་བ་གཅིག་ཏུ་འབུལ།།
ཆད་པའི་གཞུང་གཅིག་བདག་གིས་མི་སྲོང་རྒྱུ།།
ཆད་ལས་དོན་འབྱུང་དོན་ལས་མ་གཡེལ་ཅིག
བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མི་མཛད་རྒྱུ།།
ཕྲིན་ལས་དོན་དུ་གཟུགས་སྐུར་བཞེངས་ལ་དགོངས།།
དབུ་འཕང་གཉན་པོ་དེ་རིང་མི་བསྟོད་རྒྱུ།།
ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་འཛིན་པའི་ཕྱིར།།
ལྷུན་པོའི་སྤོ་དང་ཉི་ཟླའི་བཀྲག་མདངས་ཀྱང་།།
རྔམས་བརྗིད་ཡོན་ཏན་འབར་བའི་དཔྱིད་དུ་སྤུངས།།
སྙིགས་མ་ལྔ་ཡི་ཡང་མཐར་ལྟུང་བ་རྣམས།།
ནད་མཚོན་དམག་འཁྲུག་མུ་གེས་མནར་བའི་ཚེ།།
སྐྱབས་འོས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ།།
དམ་ཅན་ཆོས་སྲུང་རྒྱ་མཚོར་བཞེངས་ལ་འབོད།།
ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་བར།།
སློབ་པ་ལམ་གྱི་དམ་བཅའི་མཐར་ཐུག་ཕྱིར།།
སྟོང་ཉིད་དབྱིངས་ལས་སྙིང་རྗེའི་སྒྱུ་ཐབས་གར།།
རྣམ་བཞི་ཕྲིན་ལས་རོལ་མོར་མངའ་གསོལ་ལོ།།
རྟ་གདོང་མེ་ལྕེ་འབར་བའི་མུ་ཁྱུད་ནང་།།
ལས་དབང་བསོད་ནམས་རླུང་རྟ་དར་དྲགས་པའི།།
དཔུང་ཚོགས་ཡན་ལག་བཞི་པའི་རྩིབས་རྣོན་གྱིས།།
གཞན་སྡེའི་བརྟན་པ་འཕྲོག་པར་མངའ་གསོལ་ལོ།།
ཀུན་འབྱུང་འཁོར་བའི་རྒྱུ་འབྲས་རྣམ་རྟོག་གིས།།
གཞན་དབང་ཉིད་དུ་ཡོངས་ཡེར་མ་བཟུང་ཡང་།།
གང་ལ་གསོལ་བ་བཏབ་ན་ཡིད་བཞིན་ནོར།།
འབད་མེད་འགྲུབ་པའི་ནོར་བུར་མངའ་གསོལ་ལོ།།
རང་སྡེ་བསྲུང་ལ་ཤིན་ཏུ་མཛངས་བཞིན་དུ།།
གཞན་སྡེ་དབང་བྱེད་སྒྱུ་རྩལ་ལ་གོམས་པས།།
ཐབས་ལ་མཁས་པའི་ཤེས་རབ་མིག་ཡངས་མས།།
ཁམས་གསུམ་དབང་བྱེད་བཙུན་མོར་མངའ་གསོལ་ལོ།།
འདུ་འཛིའི་གནས་ཀྱང་བསྡུ་བའི་དངོས་པོ་དང་།།
ཚངས་གནས་བཞི་ཡི་དོན་ལ་སྦྱོར་བྱེད་ཅིང་།།
འབྱོར་ཞིང་རྒྱས་ལ་སྲིད་སྡེ་གསུང་མཁས་པའི།།
ཁྱིམ་བདག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ།།
རྟག་ཆད་དོན་ལ་སེམས་པའི་མུ་སྟེགས་དང་།།
འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་དཔུང་།།
ཐེག་ཆེན་ལུས་སྟོབས་རྒྱས་པའི་སྣ་ཞགས་ཀྱི།།
རལ་གྲིས་གཅོད་པའི་གླང་པོར་མངའ་གསོལ་ལོ།།
བསྐུལ་སར་ཡུད་ཀྱིས་ཕྱིན་པའི་མགྱོགས་པའི་བང་།།
རྦད་སར་ཐོགས་སྡུག་མེད་པའི་རླུང་གི་ཤུགས།།
ཕ་རོལ་རི་རབ་ཡིན་ཡང་རྫུ་འཕྲུལ་གྱིས།།
བརླག་བྱེད་རྟ་མཆོག་ཆེན་པོར་མངའ་གསོལ་ལོ།།
ལེགས་ཉེས་སྟངས་འཛིན་བདག་པོ་ཁྱོད་རྣམས་ནི།།
རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཅིང་།།
སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་རྫོགས་པའི།།
དགྲ་སྡེ་འཇོམས་པའི་དམག་དཔོན་ཆེན་པོར་མཛོད།།
ཁྱད་པར་རང་སྲིད་འབྱོར་པས་མི་ངོམས་པར།།
གཞན་སྡེ་བཟའ་བའི་ལྷ་མིན་འཇུག་པ་ཅན།།
བྱེད་པ་རྒྱུ་མཐུན་མཚོན་ཆའི་རྣོ་དབལ་རྩེར།།
རང་སྲོག་རང་གིས་འཕྲོག་པར་མངའ་གསོལ་ལོ།།
གང་ལ་སྲུང་སྐྱོབས་བྱེད་པའི་ལྷ་སྲུང་དང་།།
མཛའ་གཅུགས་དམ་བཅའི་རི་མོ་ཉེར་བསྲུབས་ལ།།
བསྟན་འགྲོའི་ཕན་བདེ་བཤིག་པའི་མདུན་གྲོས་དཔུང་།།
ནང་དབྱེན་དམེ་འཁྲུག་སྦྱོར་བས་སྤ་ཀོང་ཤིག
རིགས་གསུམ་མགོན་པོ་མེས་དབོན་རྣམ་གསུམ་གྱིས།།
རྒྱལ་བསྟན་གངས་རིར་དྲངས་པ་ཆུད་གསན་ནས།།
དགེ་བཅུའི་ཁྲིམས་ཀྱི་མུ་ཁྱུད་བཤིག་པ་རྣམས།།
དོན་སྙིང་ལྐོག་མར་འབྱིན་པར་མངའ་གསོལ་ལོ།།
འཇིག་རྟེན་ལས་ཀྱིས་སྤྲུལ་པའི་གཞན་དབང་ལ།།
ཕྱ་དང་དབང་ཕྱུག་རང་དབང་ཡིན་ཟེར་ན།།
བདེན་པ་གཉིས་དང་དེ་ཡི་བསྟན་སྲུང་ལ།།
རྟེན་གོམས་བྱས་པའི་འབྲས་བུ་གཡེལ་ལམ་ཅི།།
ཆོས་ཀྱི་སྐུ་ནི་དུས་གསུམ་སྐྱེ་འགག་མེད།།
ལོངས་སྤྱོད་རྫོགས་ལས་རྣམ་སྤྲུལ་ཆོས་སྐྱོང་རྣམས།།
དམ་ཅན་ཉིད་ཕྱིར་དམ་ཚིག་དང་བཞེས་ལ།།
ལྔ་བདོའི་འགྲོ་འདིའི་སྲུང་སྐྱོབ་དུས་ལ་བབ།།
མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི།།
རྒུད་པ་སྣ་ཚོགས་དམ་ཅན་ཆོས་སྲུང་མཐུས།།
བསྲུང་ཞིང་ཁྱད་པར་བདག་ཅག་ཡོན་མཆོད་ལ།།
ལུས་དང་གྲིབ་བཞིན་འགྲོགས་ནས་གྲོགས་དན་མཛོད།།
གཞིས་སུ་འདུག་ན་རྫོགས་ལྡན་དགའ་སྟོན་སྤེལ།།
བྱེས་སུ་གཅན་འཕྲང་ཆོམ་རྐུན་ཁ་ཆར་སྲུང་།།
དགྲ་དང་འགྱེད་ན་དཔའ་རྟགས་རུ་མཚོན་འཕྱོར།།
ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་མཛོད།།

ཅེས་པའང་མདའ་དཔོན་ཕ་ལྷའི་ངོར་རྫོགས་ཆེན་པ་འཇིགས་མེད་གླིང་པས་སོ།།



No comments:

Post a Comment