Saturday, February 23, 2019






ཆེས་མཐའ་མཇུག་གི་གྲོགས་པོ།


ཀུ་ཤལ་གྲོང་རྡལ་གྱི་འཁྲིས་ནས་བཞུར་བཞིན་པའི་གཙང་ཆུའི་ལོགས་ཀྱི་དུར་ཁྲོད་དེར། ད་ལྟ་མི་ཁ་ཤས་ཤིག་གིས་“ཁོའི་”ཕུང་པོ་བུད་ཤིང་བརྩེགས་མའི་སྟེང་དུ་སྐྱ་ནར་རེར་བཞག་འདུག
ཁོའི་ཕུང་པོའི་འཁྲིས་སུ་མི་ཁ་ཤས་ཡོད་པ་དེ་ཚོ་ནི། ཀུ་ཤལ་གྲོང་རྡལ་གྱི་ཉམ་ཐག་རོགས་སྐྱོར་ཚོགས་པའི་ཚོགས་མི་འགའ་རེད།
ད་ལྟ་ཁོང་ཚོས་འདས་པོ་དེའི་ཆེས་མཐའ་མཇུག་གི་གྲོགས་པོ་དེར་བསྒུགས་ནས་འདུག  ཆེས་མཐའ་མཇུག་གི་གྲོགས་པ་དེ་ནི་འདས་པོ་ཁོང་ཀུ་ཤལ་གྲོང་རྡལ་གཞུང་གི་སྨན་ཁང་ནང་ལོ་གཉིས་དང་ཕྱེད་རིང་ལུས་སྐབས་ཞབས་ཞུ་བྱེད་མཁན་ཡིན་ལ་ཁོང་གི་གྲོགས་པོ་ཡང་རེད།
ཕྱིར་འདང་ཞིག་བརྒྱབས་ན། འདས་པོ་ཁོང་འཇིག་རྟེན་འདིར་ཡོད་པའི་སྐབས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་ཅིང་། གཞུང་ལས་ཀྱང་ཡོད་པས་གླ་ཕོགས་ཀྱང་ཧ་ཅང་གིས་མཐོ། ཁོང་རང་ཆང་ས་བརྒྱབས་མེད་ནའང་། ཁོང་ལ་གྲོགས་པོ་དང་གྲོགས་མོ་ཧ་ཅང་གིས་མང་པོ་ཞིག་ཡོད།
སྐབས་དེ་དག་ལ་ཁོར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་གློག་ཀླད། སྐད་གྲགས་ཆེ་བའི་སྣུམ་འཁོར། སྐེ་ལ་བཏགས་པའི་གསེར་གྱི་ཐག་པ་སོགས་ཁོ་ལ་ཡོད་པའི་ཅ་དངོས་དེ་དག་ལ་ཡིད་སྨོན་ཤོར་ནས་ཁོ་དང་གྲོགས་པོ་སྒྲིག་མཁན་ཇེ་མང་རེད། 
འོན་ཀྱང་བར་སྐབས་ཤིག་ནས་ཁོའི་ཕ་མ་གཉིས་འདས་གྲོངས་སུ་གྱུར་ཅིང་། ཁྱིམ་གཞིས་ལ་གོད་ཆག་རབ་དང་རིམ་པ་བྱུང་། གནས་སྐབས་དེ་དག་གི་འོག་ནས་ཁོང་ལ་བཅོས་སུ་མེད་པའི་ནད་གཅིག་གིས་ཟིན། བཅོས་སུ་མེད་པའི་ནད་དེས་རྐྱེན་པས་ཁོའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་གློ་ཀླད། སྐད་གྲགས་ཆེ་བའི་སྣུམ་འཁོར་སོགས་རེ་རེ་ནས་འཚོང་དགོས་ཐུག་སོང་།
ཁོའི་ལུས་ལ་ཡོད་པའི་རིན་ཐང་ཅན་གྱི་རྒྱུ་ནོར་རྣམས་རེ་རེ་ནས་བཙོངས་པ་དང་། ཁོའི་ཉེར་འཁོར་དུ་གྲོགས་པོ་ཡང་ཇེ་ཉུང་རེད།
སྦག་སྦག་གི་སྒྲ་“འུར་འུར་”དུ་གྲག་གྱུང་། ཁོང་ཚོས་“ཁོ་སླེབས་བྱུང་། ཁོ་སླེབས་བྱུང་།” ཟེར་བཞིན་མི་གཅིག་གིས་དབྱུག་པའི་རྩེ་མོར་མེ་བསྒོས་ནས་ཁོ་ལ་སྤྲོད་རྒྱུ་གྲག་སྒྲིག་བྱེད། ཡང་གཅིག་གིས་“ང་ཚོས་ཕུང་པོར་མེ་སྦར་རྒྱུའི་ཆེད་ཁྱོད་རང་ལ་བསྒུགས་བསྡད་ཡོད་”ཟེར།  ད་ལྟ་སླེབས་མ་ཐག་པའི་འདས་པོ་དེའི་ཆེས་མཐའ་མཇུག་གི་གྲོགས་པོ་དེ་ཕུང་པོའི་འགྲམ་དུ་བཅར་ནས། ཁོང་ཚོར་བཤད་རྒྱུར་“ཁྱོད་ཚོས་ཁོའི་ཕུང་པོ་དེ་འདྲ་མགྱོགས་པོ་དུར་ཁྲོད་དུ་ཁྱེར་ནས་ཅི་བྱེད།” ད་དུང་ཁོས་བཤད་རྒྱུར། “ང་ཁོའི་གྲོགས་པོ་ཡིན། ཁོ་ཀུ་ཤལ་གྲོང་རྡལ་སྨན་ཁང་དུ་ལོ་གཉིས་དང་ཕྱེད་རིང་ལུས་སྐབས། ངས་གླ་ཆ་མེད་པའི་ཐོག་ནས་ཁོང་ལ་ཞབས་ཏོག་བསྒྲུབས་པ་འདི་དེ་ག་ཙམ་མ་རེད། ཁོའི་མཁལ་མ་གཉིས་པོ་ང་ལ་ཐོབ་པའི་ཆེད་དུ་ཡིན། ཁོའི་མཁལ་མ་གཉིས་པོ་ང་ལ་དབང་གི་ཡོད། ཁྱེད་ཚོས་ཕུང་པོ་འདི་ད་ལྟ་རང་བཤག་ཅོས་ཁང་དུ་ཁྱེར་རྒྱུག”


2/21/2019





No comments:

Post a Comment