Saturday, April 13, 2019

སྒྲུང་ཐུང་ཡིག་བརྒྱ་མ།












རྒན་མོའི་ཚེ་མཇུག

      ཕྱི་རོལ་ན་ཁ་བ་སྐྱ་ཐིབ་ཐིབ་འབབ་ཅིང་གྲང་རླུང་གི་བུ་ཡུག་འུར་འུར་དུ་འཚུབ། དབུགས་ལྷེམ་ལྷེམ་ངང་ཆད་ལ་ཉེ་བའི་མིག་ཟུང་གཉིས་པོ་དེས་ཟུར་ན་འགྲེངས་ཡོད་པའི་ཕྱུག་པོ་ཚང་གི་ཨ་མར་ཅི་ཞིག་ལ་འཕྲེང་གིན་པ་དང་འདྲ་བར་ཅེར་ནས་ལྷག་འདུག།ཡང་ཕྱུག་པོ་ཚང་གི་བླ་མ་དེས་“ད་ཁྱོད། ངེད་ཤུལ་མི་རྣམས་ལ་མ་ཆགས་པར་རྒྱུག་ཅིག དུར་ཁུང་ནས་ཤི་མིག་མ་བལྟ་རོགས།” འཆི་ལ་ཐུག་པའི་རྒན་མོ་དེའི་སེམས་ལ་ཚེར་མ་ཞིག་བཙུགས་པ་དང་འདྲ་བར་བཟོད་གླགས་བྲལ་ཏེ། མིག་རྐོང་རྡིབ་ཟིན་པའི་གཏིང་རུམ་ནས་སྔོ་ཧྲིག་ཧྲིག་གི་མིག་བཟུང་གཉིས་པོ་ལས་མཆི་མ་རྡོག་པོ་རེ་གཉིས་འགྲིལ་ཡོང་། རྒན་མོའི་ངག་ནས་གསལ་ལ་མི་གསལ་བའི་ཤབ་ཤུབ་ཅིག་བཟླས་བྱུང་། “ང་ཤི་རྗེས་ཁྱེད་ཚོས་ངའི་ཆེད་དུ་བསྔོ་རྟེན་སྐྱབས་འཇུག་གང་ཐུབ་ཐུབ་ཅིག་འབུལ་རོགས་གྱིས།” ཚིག་དེས་ཕྱུག་པོ་ཚང་གི་ཨ་མ་ཁྲོས་སུ་བཅུག། “ཁ་མ་ལབ། ཁྱོད་ཀྱིས་བོར་པའི་ཅ་ལག་ཅི་ཞིག་ཡོད། ངས་བལྟས་ན་ཅི་གང་མ་མཐོང་། ད་དུང་ཧམ་པ་ཆེ་མདོག”

    ཕྱི་ལོགས་ན་བུ་ཡུག་དང་རླུང་འཚུབ་སྔར་ལས་ལྷག་པ་འུར་འུར་དུ་འཚུབ་ཅིང་རྒོད། ཁ་བ་འབབ་མཚམས་ཀྱང་སྔར་ལས་ཇེ་དྲག་རེད། སྤྲིན་ནག་རབ་ཏུ་འཁྲིགས་ཤིང་དགུན་གཞུང་གི་ཁ་བ་འབབ་སྟངས་དེ་དངོས་གནས་སྐྱི་གཡའ་བ་ཞིག་རེད།

ཕྱུག་པོ་ཚང་གི་ཁང་པ་བརྗིད་པོ་དེ་ཁ་བའི་འདུ་འགོད་གསེང་ན་ཉམ་ང་མེད་པར་སྔར་བཞིན་འགྱིངས་ཡོད། འོན་ཀྱང་ནམ་རྒྱུན་ཤིང་བླུག་སའི་ཁང་གོག་ཆུང་ཆུང་དེའི་ནང་སློག་ཧྲུལ་དང་གོས་ཧྲུལ་གྱིས་གཡོགས་པའི་མལ་སའི་ནང་ན། འཆི་རན་པའི་རྒན་མོ་དེར་ལྟ་རྟོག་བྱེད་མཁན་མེད་པར་ཤ་ཟད་རུས་ཟད་དུ་གྱུར་ནས་སྔོ་ཧྲེང་ངེར་འདུག་ལ། སྒོ་ཡང་མེད་པའི་ཁང་ཆུང་དེའི་ནང་རླུང་འཚུབ་ཀྱིས་རྒན་མོའི་གཡས་གཡོན་དག་ལ་ཁ་བ་ཐར་ཐོར་རེ་གཏོར་འོང་། ཨ་ཆད་འུ་ཐུག་ཏུ་གྱུར་པའི་རྒན་མོ་དེ་མིག་ཆུ་ཁོང་དུ་མིད་ཀྱིན་འཇིག་རྟེན་འདི་ནས་སང་འགྲོ་གནངས་འགྲོ་ལ་བསྒུགས་ནས་འདུག། རྒན་མོ་དེའི་སྔོ་ཐོར་རེར་གྱུར་པའི་སྐྲ་ལོ་དང་གཉེར་རིས་ཀྱིས་ཁྱབ་པའི་ངོ་གདོང་ཟད་པོ། ད་དུང་ཁ་ནང་གི་སོ་ཡང་བུད་ཟིན་པ་འདིས། རྒན་མོས་ད་བར་ཕྱུག་པོ་ཚང་དུ་གཡོག་བྱས་ཏེ་མི་ལོ་སུམ་ཅུའི་རིང་རྫི་བོ་བྱས་པའི་དགའ་སྐྱོ་རྣམས་རེ་རེ་ནས་མཚོན་པ་སྨོས་མི་དགོས།

  ཁ་བ་འཚུབ་འཚུབ་ཏུ་འབབ་ཅིང་མི་ཁྱིའི་དགོད་སྒྲ་དང་ངུ་ཟུག་ཅི་ཡང་མེད་པའི་ལྷིང་འཇགས་ཀྱི་ཁ་བའི་འཇིག་རྟེན་ན། གྲང་རླུང་དང་བུ་ཡུག་འཚུབ་ཅིང་རྒོད་པའི་ས་སྲོད་ཅིག་ལ། རྒན་མོའི་རྣམ་ཤེས་དེ་གྲང་རླུང་དང་བུ་ཡུག་ལྷན་དུ་བསྡོངས་ཏེ་འཇིག་རྟེན་གཞན་ཞིག་ལ་བུད་སོང་།

  སང་ཉིན་ཁ་བ་འབབ་མཚམས་ཆད་ཅིང་ཉི་འོད་སེ་ལམ་མེར་འཕྲོས་པའི་ཡུལ་ལུང་དེ་ནི་སྔར་བཞིན་ལྷིང་འཇགས་སེ་ཡིན། འོན་ཀྱང་ཕྱུག་པོ་ཚང་ན་སྔར་ལས་དགོད་སྒྲ་ཇེ་མང་རེད།

6/30/2014



No comments:

Post a Comment