ཚེ་སྲོག་གི་ཉག་ཐག
རྩྭ་རྩེ་ཡི་ཟིལ་བ་དེ་ལྷུང་སོང་།།
ཆུ་གཞུང་གི་ལྦུ་བ་དེ་ཡལ་འགྲོ།།
རླུང་ཁ་ཡི་ཚེ་འབར་དེ་གཟིམས་འདུག །
ཚེ་སྲོག་གི་དབུགས་རྒྱུན་དེ་འགགས་ཡོང་།།
ཆུ་ཚོད་ཀྱི་འཕར་སྒྲ་དེ་གཟན་པོ།།
མཁའ་དབྱིངས་ཀྱི་སྐར་མདའ་དེ་མྱུར་བ།།
མིག་ཟུང་གི་འབྱེད་བཙུམ་དེ་མགྱོགས་སོང་།།
ཚེ་སྲོག་གི་རྒྱུ་བ་དེ་ཆད་ཡོང་།།
སྒྱུ་ལུས་ཀྱི་གཡར་པོ་དེ་འཁྱེར་སོང་།།
མགྲོན་པོ་ཡི་རྣམ་ཤེས་དེ་དེངས་འགྲོ།།
བོར་བ་ཡི་རྐང་རྗེས་དེ་ཟུབས་འདུག།།
ཚེ་སྲོག་གི་བྱང་བུ་དེ་བརླགས་སོང་།།
མགོ་ཐོག་གི་བར་སྣང་དེ་སྟོང་པ།།
རྐང་འོག་གི་རེག་པ་དེ་བེམ་གཟུགས།།
མིག་མདུན་གྱི་གཟུགས་རིས་དེ་འབྲེལ་མེད།།
ཚེ་སྲོག་གི་ཉག་ཐག་དེ་གློ་བུར།།
4/27/2019
No comments:
Post a Comment