དཔེ་ཆ་བ་དང་།
སྙན་གཞུང་མེ་ལོང་མ།
ཁྱོད་ཀྱི་བསམ་པར་སྙན་གཞུང་མེ་ལོང་མ་སྦྱོང་བ་ནི་དཀའ་ལས་ཤིག་རེད་སེམས་སྲིད་པ་རེད།
རྒྱུ་མཚན་ནི་དཔེར་བརྗོད་འབྲི་དགོས་པའི་ཕྱིར། འོན་ཀྱང་དེ་ལྟའི་བསམ་བློ་ནི་ཁྱོད་རང་གིས་བརྒྱ་ཆ་བརྒྱ་ནོར་བ་རང་རེད།
རྒྱུ་མཚན་ནི་ཁྱོད་རང་གིས་སྙན་གཞུང་མེ་ལོང་མའི་རིན་ཐང་མ་རྟོགས་པས་ལན་པ་རེད། དེས་ན་ངས་འདིར་སྙན་གཞུང་མེ་ལོང་མའི་དགེ་ཕན་དང་འབྲེལ་བའི་སྐད་ཆ་ཚིག་འགའ་བཤད་རྒྱུ་ཡིན།
སྤྱིར་སྙན་ངག་གི་དགེ་ཕན་ལུང་གིས་བསྒྲུབས་པ།
དཀོན་མཆོག་སྒྲོན་མེའི་མདོ་ལས།
དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚེ་བདེ་གཤེགས་རྩྭ་མཆོག་ལ།
།ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ནི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ།།
ཞེས་གསུངས་ཤིང་།
མདོ་ལས།
དམ་པའི་ཆོས་རབ་ཏུ་གསལ་བར་བྱེད་པའི་སྙན་ངག་བྱའོ།
།དཀོན་མཆོག་གསུམ་གྱི་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་ཤིང་།
སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས།
མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན།།
མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས།།
ཞེས་གསུངས་ཤིང་།
སློབ་དཔོན་དཎྜཱི་ཡིས།
སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ།།
དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས།།
མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་འདོད་འཇོའི་བ་རུ་བཤད།།
ཅེས་དང་།
དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི།།
སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན།།
སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི།།
མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང་།།
ཞེས་གསུངས་ཤིང་།
ཀུན་མཁྱེན་མི་ཕམ་རྒྱ་མཚོས།
མཁས་རྣམས་མགྲིན་པ་ཀུ་མུད་དཀར་པོའི་ཚལ།།
སྙན་ངག་ཟླ་བའི་འོད་ཀྱིས་མཛེས་པའི་མོད།།
རྨད་བྱུང་ཚིག་གི་ཉམས་འགྱུར་ཡིད་འོང་དེས།།
ས་གསུམ་བརྟན་པ་དབང་མེད་འཕྲོག་ལ་ལྟོས།།
ཞེས་གསུངས་པ་དང་།
རྒྱ་གར་འཕགས་པའི་ཡུལ་གྱི་གསུང་རྒྱུན་ལས་ཀྱང་།
ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས།
སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས།
ཞེས་གྲགས་པའོ།།
གོང་དུ་དྲངས་པའི་ལུང་ཚིག་དག་གིས་སྤྱིར་སྙན་ངག་གི་དགེ་ཕན་བསྟན་པ་རེད།
དེའི་ཕྱིར་སྙན་ངག་དགེ་ཆེན་པོ་ཡིན་པ་ཤེས་ནས་དེ་སྦྱོང་བ་ལ་དང་པོ་ཚིག་རྒྱན་རིགས་པའི་གཞུང་ལུགས་སྙན་གཞུང་མེ་ལོང་མ་ལྟ་བུ་ནས་འགོ་རྩོམ་དགོས་པ་རེད།
དེའི་ཤུགས་ནས་ཧ་གོ་དགོས་པ་ནི་སྙན་གཞུང་མེ་ལོང་མ་ནི་སྙན་ངག་སྦྱོང་བའི་གཞི་རྩ་ལྟ་བུ་ཞིག་ཆགས་བསྡད་ཡོད་པར་བསྟན་པ་རེད།
དེས་ན་ངས་བཤད་འདོད་པ་ནི་བོད་བརྒྱུད་ནང་བསྟན་པའི་དཔེ་ཆ་བ་ཞིག་གི་ངོས་ནས་བཤད་ན། སྙན་གཞུང་མེ་ལོང་མའི་གཞུང་ལ་ངེས་པར་དུ་སྦྱོང་བ་བྱེད་དགོས་ཟེར་བ་དེ་ཡིན།
འདིའི་རྒྱུ་མཚན་ནི་འོག་ཏུ་བཤད་འོང་།
བོད་བརྒྱུད་ནང་བསྟན་པའི་ནང་དོན་རིགས་པའི་གཞུང་ལུགས་ཀྱི་
དཔེ་ཆའི་མགོ་མཇུག་བར་གསུམ།
བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་གི་མཁས་པ་ཚོས་སོ་སོའི་གྲུབ་མཐའི་ཡིག་ཆ་ཚང་ཁ་ཤིག་ཤིག་ངང་རྩོམ་པའི་སྐབས།
ཤོང་དཔང་ལོ་ཙཱ་བ་རྣམ་གཉིས་ཀྱིས་མེ་ལོང་མ་བསྒྱུར་ཟིན་ནས་དེའི་བསྟན་པ་ཧ་ཅང་གིས་རྒྱས་བཞིན་པའི་སྐབས་རེད།
དེར་བརྟེན་སྐབས་དེའི་མཁས་པ་ཡོངས་ཁྱབ་ལ་མེ་ལོང་མ་ཁོང་ཚོའི་ཤ་ཁྲག་རུས་གསུམ་དུ་ཐིམ་ནས་ཡོད་སྟབས།
ཁོང་ཚོས་བརྩམས་པའི་བསྟན་བཅོས་ཀྱི་མགོའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ། བར་སྐབས་ཚིགས་བཅད།
རྩོམ་གྱི་མཇུག་བྱང་བཅས་མགོ་འཇུག་བར་གསུམ་དུ་མེ་ལོང་མའི་དྲི་མ་ཕལ་ལེར་ཡོད་པ་ད་ལྟ་ང་ཚོས་བལྟས་པ་ཙམ་གྱིས་ཤེབ་ཐུབ་པ་རེད།
མ་ཟད་སྐབས་དེའི་མཁས་པ་ཚོས་མ་མཐའ་ལའང་མེ་ལོང་མའི་གཞུང་གི་རྒྱན་སོ་སོར་དཔེར་བརྗོད་རེ་བྲིས་པ་ཡོད་པ་ནི་ད་ལྟ་ཁོང་ཚོའི་བཀའ་འབུམ་ནང་ཡོད་པས་དེ་དག་ལས་ཀྱང་དཔོག་ཐུབ་པ་རེད།
ད་དུང་ཁོང་ཚོས་བརྩམས་པའི་མཆོད་པ་དང་བསྟོད་པ།
སྤྲིངས་ཡིག་དང་ཆོས་ཀྱི་གླུ། རྟོགས་བརྗོད་དང་རྣམ་ཐར་སོགས་ལས་ང་ཚོས་ལས་སླ་པོས་ཤེས་འོང་བ་ནི་མེ་ལོང་མས་ཁོང་ཚོ་བཅིངས་ཡོད་པ་རེད།
མདོར་དྲིལ་ནས་ངས་བཤད་འདོད་པའི་རྡོག་རྡོག་པོ་ནི།
བོད་བརྒྱུད་ནང་བསྟན་པའི་དཔེ་ཆ་བ་ཞིག་གིས་སྔོན་གྱི་མཁས་པའི་ནང་དོན་རིགས་པའི་གཞུང་ལུགས་བརྩམས་ཆོས་དང་།
དེ་མིན་རྩོམ་རིག་བརྩམས་ཆོས་གང་ཞིག་ལ་མྱོང་རོལ་དང་། ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་འདོད་ན་སྙན་གཞུང་མེ་ལོང་མ་ལ་ངེས་པར་དུ་རྒྱུས་ལོན་དགོས་ཟེར་བ་དེ་ཡིན།
རྒྱུ་མཚན་ནི་ཁོང་ཚོའི་བརྩམས་ཆོས་ལ་མེ་ལོང་མའི་རྒྱན་གྱིས་བཅིངས་ཡོད་པས་རེད།
དེས་ན་ཁྱོད་ཀྱིས་སྙན་གཞུང་མེ་ལོང་མ་སྦྱང་རྒྱུ་ནི་དགེ་ཕན་ཞིག་དང་གོ་སྐབས་ཤིག་ཡིན་པ་ལས།
རང་གིས་རང་ལ་ཁྲལ་སོད་བྱེད་ཕོད་དམ། ???????