སྣང་སྲིད་དག་མཉམ་གྱི་ཐོལ་གླུ།
ཨ་ཧོ།
དབྱིངས་རིག་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས།།
རིག་སྟོང་གཉུག་མའི་སེམས་ཀྱི་རྗེན་ཅེར་བ།།
ལྷན་ཅིག་ཀུན་བཏགས་གནས་གྱུར་དགའ་བཞི་ཡི།།
ཡེ་ཤེས་དག་མཉམ་དབྱེར་མེད་བདེ་བ་ཆེ།།
རླུང་སེམས་དབུ་མར་བསྡུས་པའི་རྩ་སྦུབས་ལས།།
རྡོ་རྗེའི་ཚིག་ཏུ་སྦས་པའི་ཡེ་ཤེས་གླུ།།
དོན་རྟགས་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ཆེར།།
དགྱེས་པའི་སྤྲིན་ཕུང་མཁའ་ལ་འདི་ནས་གཏིབ།།
བཀོད་པ་གཞལ་ཡས་ཁང་གི་དཀྱིལ་འཁོར་དུ།།
བདེ་སྟོང་ཟུང་དུ་འཇུག་པའི་ཚོགས་སྒྲུབ་ལས།།
སྣང་གསུམ་འཕོ་བའི་བག་ཆགས་སྦྱོང་བ་ཆེ།།
རྟོགས་གྲོལ་ཐབས་ཀྱི་ལམ་མཆོག་ཨེ་མ་ཧོ།།
རྟོགས་ཚོག་ལམ་དུ་ཁྱེར་བའི་རོ་སྙོམས་པ།།
རིམ་གཉིས་ལམ་གྱི་ཟུང་དུ་འཇུག་པ་ལས།།
མཁའ་སྤྱོད་གྲོང་དུ་གཤེགས་པའི་རིག་པ་འཛིན།།
འཇའ་ལུས་འོད་སྐུར་གྲོལ་བར་ཨེ་མ་མཚར།།
2019
No comments:
Post a Comment