ལམ་གྱི་གོལ་བ།
ཁྱི་སྤྱང་ཀུ་ཅོ་རྒྱག་པའི་དོ་ནུབ་འདིར།།
དཔྲལ་མགོ་ཀོ་བས་གཡོགས་པའི་འདྲེ་མིག་དེ།།
ཚུར་ཚུར་ནུར་བའི་སྡར་མའི་མགོ་རུས་ཤིག།
ཐང་གི་བྱེ་མར་བརྡལ་བའི་གཏམ་རྒྱུད་བྲིས།།
སྨག་གི་རྨི་ལམ་ཁྲོད་ཀྱི་ཟིར་ཟིར་པོ།།
འུག་པས་ཧབ་ཆ་རྒྱག་པའི་མཚན་གཞུང་འདིར།།
ཁྱི་གུ་མཇུག་མ་གློད་པའི་སྔ་ལྟས་དེར།།
གཞུག་གི་གྲིབ་མ་དེ་ཡང་དགོད་རེ་བྲོ།།
བརྡ་རྟགས་ཐུར་དུ་འགྲིལ་བའི་མདའ་རྩེ་ཡང་།།
དབུགས་ཀྱི་རྒྱུ་བ་ཐག་ཐག་གྲག་སྟངས་དེ།།
སང་གི་འཇའ་ཚོན་ཐོགས་པའི་གནམ་གཏམ་ཁྲོད།།
དགུང་གི་ཉི་མ་ལྡོག་པ་ཡོད་རེ་ཀན།།
འགྲམ་རུས་སྐྱུག་ལྡད་རྒྱག་པའི་མི་རྐང་ཞིག།
ཁོང་གི་སྨྲེ་སྔགས་འབྱིན་པའི་ཚུགས་ཀ་དེ།།
སོག་པ་རྡོ་བས་རྡུང་བའི་མེ་ལོང་ངོས།།
ལྷམ་གྱི་ཀྲད་པ་ཡིན་ཡང་ངུ་མ་དགོད།།
༡༠༡༩ རང་མལ་དུག་གསུམ་གྱི་ལྡིང་ཁང་ནས་རེས་གཟའ་ཉི་མའི་ཉིན།།
No comments:
Post a Comment