Friday, January 25, 2019

སྒྲུང་ཐུང་རྐང་གཅིག

























གྲྭ་པ་བཟོ་བ།

སྐོར་ལམ་གྱི་མི་ཚོགས་རེ་རེའི་སྔོན་དུ་འགྲོ་ཅི་ཐུབ་ཀྱིས་བརྒྱུགས་ནས་ཁོང་ཚོ་གསུམ་ནམ་རྒྱུན་གྱི་ཇ་ཁང་དེར་སླེབས། ཇ་ཁང་གི་ཞབས་ཞུ་མ་དེས་ཀྱང་ནམ་རྒྱུན་དང་འདྲ་བར་ཚིག་ཇ་དཀར་ཡོལ་ཞབས་སྟེགས་ཅན་རེ་བཏེག་ནས་ཁོང་ཚོ་རེ་རེའི་མདུན་དུ་བཤམས།

གྲྭ་པ་མིག་ཤེལ་ཅན་དེས་དཀར་ཡོལ་བཏེག་ནས་ཚིག་ཇ་ཧུབ་གཅིག་བཏུངས་པས། ཚིག་ཇའི་རླངས་པ་དེ་ཁོའི་མིག་ཤེལ་ངོས་སུ་ཕོག་སྟེ་མཐོང་ལམ་རབ་རིབ་ཏུ་གྱུར། དེ་བས་ཁོས་མིག་ཤེལ་ཕུད་ནས་གཟན་གྱི་སྣེ་མོས་ཕྱིད་ཕྱིད་བཏང་བ་དང་ཡང་བསྐྱར་མིག་ཤེལ་གྱོན། སྐབས་དེར་ཁོང་ཚོ་གསུམ་ལ་རེ་ཞིག་སྨྲ་བ་ཅི་ཡང་མེད་པར་ཁུ་སིམ་མེར་ལུས།
མཚམས་ཤིག་ནས་གྲྭ་པ་མིག་ཤེལ་ཅན་དེས་དེང་སང་དགོན་སྡེ་ཁག་ལ་གྲྭ་རྒྱུན་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་འདུག་གཱ།སྐད་ཆ་དེ་ནི་ཁ་སང་དགོང་མོར་དགོན་བདག་ཅིག་དང་ཁོ་རང་གཉིས་ཀྱི་དབར་དུ་བྱུང་བའི་རྩོད་གླེང་ཞིག་ཡིན་པས། ད་ལན་ཁོས་གྲྭ་གྲོགས་གཞན་གཉིས་དེ་དང་ལྷན་དུ་བགྲོ་གླེང་ཞིག་བྱེད་དགོས་སྙམ།
གྲྭ་རྒན་ཀླད་དཀར་ཅན་དེས་བཤད་རྒྱུར།རེད་རེད། དེ་དངོས་གནས་རེད། བྱས་ཙང་ངས་ད་ལོ་གྲྭ་ཕྲུག་གཉིས་དགོན་སྡེ་ཁག་ལ་ཞལ་འདེབས་ཀྱི་ཆེད་དུ་ཁྲིད་ཡོད།
གྲྭ་རྒན་ཁ་སྤུ་ཅན་དེས། ཁོ་རང་གིས་ཁ་སྤུ་ནག་སོབ་སོབ་དེ་ལག་པས་བྱིལ་ཙམ་བྱས་རྗེས་གདོང་ལ་མཐོང་ཆུང་གི་ཉམས་ཤིག་མངོན་བཞིན་དུ་ ཧེ་ཧེ་ གྲྭ་ཕྲུག་ཨེ། ཡག་ག་གཅིག་ཡིན་གྱི་མ་རེད།  ཕ་མ་དེ་ཚོས་ཡག་ག་གཅིག་ག་པ་བཏང་གི་རེད།གྲྭ་རྒན་ཀླད་དཀར་ཅན་གྱིས་དྲི་རྒྱུར་ག་རེ་བྱས་ནས། 
གྲྭ་རྒན་ཁ་སྤུ་ཅན་དེས་གྲྭ་པ་དེ་ཚོ་ལ་ལྟོས་དང་། ཁ་ཤས་ནི་དྭ་ཕྲུག་རེད། ཁ་ཤས་ནི་ཕ་མ་དེ་ཚོས་འཚོ་གོས་ཀྱིས་སྐྱོང་མ་ཐུབ་ནས་དགོན་པར་བཏང་བཞག་པ་རེད། གང་ལྟར་ཡག་ག་གཅིག་ཡོད་མ་རེད།
ད་གཟོད་གྲྭ་རྒན་ཀླད་དཀར་ཅན་དང་གྲྭ་པ་མིག་ཤེལ་ཅན་གཉིས་ཀྱིས་ཁོ་དང་ཁ་རྩོད་རྒྱག་འགོ་བརྩམས་བྱུང་། ཁོང་གཉིས་ནི་དེ་འདྲ་ཞིག་མིན་པའི་རྐྱེན་གྱིས་གྲྭ་རྒན་ཁ་སྤུ་ཅན་དེའི་སྐད་ཆ་རྣར་མ་ཤོང་བ་འདྲ།

ཀུའི་ཀུའི་……”ཁ་རྩོད་རྒྱག་སྒང་དེར་གྲྭ་པ་མིག་ཤེལ་ཅན་དེའི་ཁ་པར་ལས་ཁུ་བྱུག་གི་སྐད་སྒྲ་ཞིག་གྲག་པས་སྐད་འཕྲིན་ཞིག་སླེབས་པ་འདྲ། ཁོས་ཁ་པར་སྒོ་ཕྱེ་ནས་བལྟས་པར། དེ་ནི་ཁོ་རང་གི་ཕ་ཡུལ་གྱི་དཔོན་པོ་དེའི་སྐད་འཕྲིན་རེད། མ་གཞི་དཔོན་པོ་དེ་ནི་ཁོའི་ཨ་ཁུ་ཡིན་ཁར་ད་བར་མ་ཐུག་ནས་ལོ་ངོ་བཅུ་གསུམ་ཙམ་ཕྱིན་ཟིན།
 ད་ལན་དཔོན་པོ་དེ་ཡང་གཞུང་གི་ལས་དོན་ཆེད་དུ་རྒྱལ་ས་འདིར་སླེབས་ཡོད་པ་དང་སྟབས་ཁེལ་བས། ཁོའི་ཨ་ཁུ་དཔོན་པོ་དེས་ཁོ་དང་ངེས་པར་དུ་ཐུག་འདོད་ཡོད་པའི་སྐད་འཕྲིན་ཅིག་བསྐུར་འདུག  གྲྭ་པ་མིག་ཤེལ་ཅན་དེ་ཨ་ཁུ་དཔོན་པོ་ཐུག་འདོད་ཀྱིས་ཁ་རྩོད་རྒྱག་ལོང་མེད་པར་འཚབ་འཚུབ་ངང་ཇ་ཁང་དེ་ནས་གྲྭ་གྲོགས་གཞན་གཉིས་དེ་དང་ཁ་གྱེས།

ཁོ་དང་ཨ་ཁུ་དཔོན་པོ་གཉིས་ཁ་པར་བརྒྱུད་ནས་དུས་བཏབ་སྟེ་སྐོར་ལམ་གྱི་ཇ་ཁང་དཀྱུས་མ་ཞིག་ཏུ་ཐུག་འཕྲད་བྱས། ཁོང་གཉིས་ཕན་ཚུན་ལ་འཚམས་འདྲི་ཞུ་རེས་བྱས་རྗེས་ཞབས་ཞུ་མར་བསུས་ཇ་ཕོར་པ་གང་རེ་མངགས། ཕན་ཚུན་གྱི་མཚམས་འདྲིའི་སྐད་ཆའི་རྗེས་སུ་རེ་ཞིག་ལ་ཁོང་གཉིས་ཁུ་སིམ་མེར་གྱུར།
གྲྭ་པ་མིག་ཤེལ་ཅན་དེའི་བསམ་པར་ཨ་ཁུ་ནི་ཕ་ཡུལ་གྱི་དཔོན་པོ་ཡིན་སྟབས། ཁོའི་མདུན་སར་སྐད་ཆ་གང་བྱུང་བཤད་ན་མི་འོས་སྙམ་སྟེ། མིག་ཤེལ་དེ་སྣ་རྩེ་ནས་ཡར་འདེད་ཙམ་བྱས་ཏེ་སེམས་ཁུར་ཡོད་མདོག་གིསཨ་ཁུའི་ཕྲུ་གུ་དེ་ཚོ་སློབ་གྲྭར་བཏང་ཡོད་དམ།དྲིས་པར། ཨ་ཁུ་དཔོན་པོས་ཛུམ་ཙམ་བྱེད་བཞིན་ཡོད་ལགསཟེར། གྲྭ་པ་མིག་ཤེལ་ཅན་དེས་ཤེས་ཡོན་པའི་ཉམས་ཤིག་གཏོད་དེ་གདོང་ལ་ཁེངས་ཉམས་ཤིག་དང་བཅས་ཕྲུ་གུ་སློབ་གྲྭར་གཏང་རྒྱུ་གལ་ཆེན་དང་། ལྷག་ཏུ་དུས་རབས་འདིའི་ནང་ཤེས་ཡོན་མེད་ན་རྗེས་ལུས་ཡིན་ཚུལ་སྐོར་གྱི་སྐད་ཆ་མང་པོ་ཞིག་བཤད་རྗེས། ཨ་ཁུ་དཔོན་པོས་ཅི་ཞིག་བཤད་ཡོང་བར་བསྒུགས། ཨ་ཁུས་ཇ་ཕོར་ལ་ཧུབ་གཅིག་བརྒྱབ་ནས་རེད་རེད། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ད་ལྟ་ང་རང་གི་ཕྲུ་གུ་གཉིས་སློར་གྲྭར་བཏང་ཡོད་། ཡིན་ནའང་ཕྲུ་གུ་ཆུང་བ་དེ་སློབ་གྲྭ་ལས་དགོངས་པ་ཞུས་ཏེ་གྲྭ་པ་བཟོ་དགོས་བསམས་ན་ཡང་། སློབ་གྲྭ་གཞུང་ནས་དགོངས་ཁྲོལ་ཐོབ་མ་བྱུང་།ཟེར་བཞིན་གདོང་ལ་ཕངས་སེམས་ཀྱི་རྣམ་འགྱུར་ཞིག་མངོན་འོང་།
གྲྭ་པ་མིག་ཤེལ་ཅན་དེས་དཔྲལ་གཉེར་ཕྱོགས་གཅིག་ཏུ་བསྡུས་ཤིང་གཟབ་ནན་གྱི་ཉམས་ཤིག་གཏོད་དེ་ཕྲུ་གུ་སློབ་གྲྭ་ནས་བཏོན་ཏེ་གྲྭ་པ་ག་རེ་བྱས་ནས་བཟོ་དགོས་བྱུང་བ་རེདཅེས་དྲིས་པར།ཕྲུ་གུ་ཆེ་བ་དེ་སློབ་སྦྱོང་ལ་དོ་སྣང་དང་བརྩོན་འགྲུས་ཡོད་ཁར། དབང་པོ་ཡང་ཐང་ཐང་ཡིན། མ་འོངས་པར་ཁོ་རང་གིས་མི་ཚེ་སྐྱེལ་ཐུབ་ས་རེད།ཅེས་ཨ་ཁུ་དཔོན་པོའི་གདོང་ལ་ཛུམས་མདངས་ཤིག་མངོན།
 ཡང་ཁོང་གིས་བཤད་རྒྱུར་ཡིན་ན་ཡང་ཕྲུ་གུ་ཆུང་བ་དེ། སྔོན་མ་ཆུང་དུས་ནས་གཟའ་ནད་ཕོག་སྟེ་དབང་པོ་བདེ་ཐང་མེད་ཁར། ལས་ཀ་བྱ་རྒྱུར་ཡང་དཀའ་ལས་འདུག། མ་འོངས་པར་ཁོ་རང་སྒེར་གྱི་མི་ཚེ་ལ་དཀའ་ངལ་འབྱུང་ས་རེད། དེ་བས་ད་ལྟ་ནས་ཁོ་རང་གྲྭ་པ་བཟོས་ནས་ཆོས་པ་ཞིག་བྱས་ན། མ་འོངས་པར་ཁོ་རང་གི་མི་ཚེའི་ནང་དཀའ་ངལ་འབྱུང་ས་མ་རེད།ཟེར་བཞིན་ཨ་ཁུ་དཔོན་པོའི་གདོང་ལ་གཟབ་ནན་དང་སྐྱོ་ཉམས་འདྲེས་མ་ཞིག་མངོན་འོང་།
མཚམས་དེར་གྲྭ་པ་མིག་ཤེལ་ཅན་གྱི་སེམས་ལ་ད་གིན་སྔོན་གྱི་ཁ་རྩོད་དེ་དྲན་པ་དང་ཆབས་ཅིག རེ་ཞིག་ལ་ཨ་ཁུ་དཔོན་པོར་ཅི་ཞིག་ཤོད་དགོས་པའང་མ་ཤེས་པར་ངོ་གནོང་ཞིང་མགོ་བོ་སྒུར་ནས་བསྡད།
 ཁོས་བསམ་བློ་བཏང་མཐར་ཏག་ཏག་ལ་སྐད་ཆ་ཞིག་དྲན་བྱུང་། ཁོས་མིག་ཤེལ་སྣ་རྩེ་ནས་ཡར་འདེད་ཙམ་བྱས་ཤིང་མགྲིན་པ་གཟེངས་སུ་བཏེག་ནས་གྲེ་བ་བསལ་ཏེ་བཤད་རྒྱུར་ཕྲུ་གུ་དེ་མ་འོངས་པར་ཁོ་རང་སྒེར་གཅིག་པུའི་མི་ཚེ་ཡང་སྐྱེལ་མི་ཐུབ་པའི་དཀའ་ངལ་འབྱུང་ན། ཁོ་གྲྭ་པ་བཟོས་ཏེ་ཆོས་པ་བྱས་ན་ཡོང་ཐབས་ཡོད་མ་རེད། ངེད་ཆོས་པ་ཚོ་ནི་རང་གཅིག་པུ་མི་ཚེ་སྐྱེལ་བ་མིན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱུག་དགོས་རེད།

ཧ་ཧ……….”

ཨ་ཁུ་དཔོན་པོ་ཚད་མེད་ཅིག་བགད་བྱུང་། དགོད་ཀྱིན་དགོད་ཀྱིན་ཁོའི་ངོ་མདོག་དམར་པོར་གྱུར།









Friday, January 18, 2019





ཀློག་པ་པོ་རྣམ་པར་ཞུ་རྒྱུར།


ངེད་རོ་ལངས་མི་རབས་ཀྱི་དྲ་ཚིགས་འདིར་གཟིགས་མོར་ཕེབས་པར་དགའ་བསུ་ཞུ་བ་དང་ཆབས་ཅིག
གལ་ཏེ་ཁྱེད་ལ་དུས་ཚོད་ཁོམ་པ་རེ་ཡོད་ན་ངེད་ཀྱི་བརྩམས་ཆོས་དག་ལ་མིག་གཡོར་ཙམ་རེ་བྱོས་དང་། བརྩམས་ཆོས་བཀླགས་རྗེས་ཀྱི་མཇུག་ཏུ་ཁྱེད་ཀྱི་སེམས་ངོར་ཅི་ཞིག་འཆར་ཡང་སྲིད་པས། དེ་དུས་ཁྱེད་ཀྱིས་དྲ་ཚིགས་ནང་གི་བརྩམས་ཆོས་ཀྱི་གཤམ་ན་མཆན་འགོད་ས་(Commentཁོམ་མིནཊི)དེར་མཆན་རེ་ངེས་པར་དུ་འགོད་ཐུབ་པ་བྱེད་རོགས།
མཆན་གྱི་ནང་དོན་ལ་བརྩམས་ཆོས་བཀླགས་རྗེས་སུ་ཁྱེད་ཀྱི་སེམས་ངོར་ཅི་ཞིག་འཆར་བ་དེ་དྲང་པོ་དྲང་ཤག་གིས་འགོད་རོགས། ང་ཚོ་ལ་དགག་ཆོག་ལ་སྒྲུབ་ཀྱང་ཆོག ང་ཚོ་ལ་བསྟོད་ཆོག་ལ་སྨད་ཀྱང་ཆོག རྒྱུ་མཚན་ནི། བརྩམས་ཆོས་བཟང་ངན་གྱི་མཐའ་མའི་དབང་ཚད་དང་། ཤན་འབྱེད་ཐག་གཅོད་ཀྱི་འགན་དེ་ཀློག་པ་པོ་ཁྱོད་ལ་ཡོད་པའི་ཕྱིར་རོ།།

ཀློག་པ་པོ་ཁྱོད་སྐད་ཆ་ནི། ང་ཚོའི་མདུན་སྐྱོད་ཡིན། ང་ཚོའི་གོམ་པའི་རམ་འདེགས་ཡིན། ང་ཚོའི་སང་ཉིན་ཡིན། ང་ཚོའི་བཙན་རྒོལ་སྙིང་སྟོབས་ཡིན།


སྤྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༡༩ ཉིན་རོ་ལངས་མི་རབས་ནས་སྤེལ།














སེམས་པ་དགུན་གྱི་རླུང་བུ་རེད།


དགུང་གི་ཨ་སྔོན་སྔོ་ཞིང་སངས་ནའང།།
ལྗོན་པ་སྐམས་རེངས་ལྟ་བུའི་སེམས་པ་འདི།།
བཙག་དང་ལྷགས་པས་དེད་པའི་ཨུ་ཤུ་ཡིས།།
ཁེར་བུའི་སྟོང་ཁམས་རིང་མོ་བསྲིངས་ནས་ཡོང་།།

མགོ་བོ་གནམ་ལ་དགྱེ་བའི་ཐོང་ག་ནས།།
འདབ་ལོ་སེར་པོ་གདོང་ལ་ལྷུང་དུས་སུ།།
ཁོག་གི་སྙིང་ཁམས་འདར་ནས་ཡོང་ནའང་།།
མཛེས་སྡུག་ཟེར་བའི་སེམས་གསོ་ལྷག་མ་ཞིག།།

རྒྱ་ཕིབས་སེར་མདངས་འཕྲོ་བ་སྔར་བཞིན་རེད།།
དྲིལ་བུའི་ཅོང་བརྡ་གྲག་པ་དེ་རིང་ཡང་།།
དར་ལྕེ་ཟད་པོའི་བྲེལ་བ་འཚུབ་ནའང་།།
རྒྱང་ལ་མཁྲེང་བའི་གནས་ལུགས་ཤོད་དུ་མེད།།

2018/01/14 ཉིན་དགུང་རང་ཤག་ཏུ་བྲིས།























བུ་མོ་ནི་ལང་ཚོའི་དུས་སྐབས་ཙམ་ཞིག་རེད།


བྱུག་རྫས་ཁྲ་ཁྲ་དམར་ཁྲས།།

གདོང་གི་ཁ་དོག་བསྒྱུར་རུང་།།

སྐྱི་གཉེར་པགས་པའི་མདུད་པར།།

གཡོལ་ནས་འབྲོས་ས་འདུག་གམ།།


བྲང་གི་ནུ་བུམ་ཟུང་དེ།།

མཁྲང་ཞིང་མཁྲང་པོར་བཅོས་རུང་།།

རྙིད་དེ་ཐུར་དུ་དུད་པར།།

གཡོལ་ནས་འབྲོས་ས་འདུག་གམ།།



སྐེད་པ་འཇག་མ་འདྲ་དེ།།

ཕྲ་ནས་ཕྲ་རུ་བཏང་རུང་།།

ཚིལ་ཤ་ལྷག་ག་ལྷུག་གེར།།

གཡོལ་ནས་འབྲོས་ས་འདུག་གམ།།


རྐང་རྟིང་གྱེན་དུ་སྟེག་ནས།།

འཕོངས་ཚོས་རྡོག་རྡོག་བཅོས་རུང་།།

འཕོངས་ཤ་རྒྱགས་ཤིང་ལུག་པར།།

གཡོལ་ནས་འབྲོས་ས་འདུག་གམ།།


བརྩེ་གདུང་ཡོད་མདོག་བསྟན་ནས།།

ཟུར་མིག་ཡོན་པོར་བལྟས་རུང་།།

ཁ་རྩང་དེ་རང་འདྲ་བར།།

རྙིང་དྲི་བམ་དྲི་བྲོ་བ།།

1/18/2019




Friday, January 11, 2019













འཁྱག་པ།

དབྱངས་དང་ཚོར་བ་འཁྱག་པའི་སྙན་ངག་འཁྱག་པ།།

སེམས་ཀྱི་འཁུན་སྒྲ་འཁྱག་པའི་སྨྱུ་གུ་འཁྱག་པ།།

ཀ་ཁ་ག་ང་འཁྱག་པའི་དབྱངས་གསལ་འཁྱག་པ།།

འཁྱག་པ་འཁྱག་པར་འཁྱག་པའི་སྙན་ངག་མཁན་པོ།།




ཡིག་རྒྱུགས་དང་། གསོལ་ཁ།

སྐལ་པ་ཡ་ཐོག་དུས་ཀྱི་སྲུང་མ་ཁ་བགྲད་མིག་བགྲད།།

ད་ལྟའི་དུས་ནའང་ཡོད་སྐད་ཕལ་ཆེར་རྟག་པ་ཡིན་འགྲོ།།

སྐལ་པ་ཡ་ཐོག་དུས་སུ་རྒྱུགས་ཀྱི་ལམ་ལུགས་མེད་རེད།།

ཡིག་རྒྱུགས་ཡིག་རྒྱུགས་ཟེར་ན་ཁོ་ཚོས་གོ་རྒྱུ་མ་རེད།།

1/6/2019



















ཁ་དབུགས་སྐམ་པོ།


དགུན་ལོ་སེར་པོ་རྡོག་པས་རྫི་ཞོར་ཞིག་ནས།།

ཐལ་བ་རླུང་ལ་སྤུར་པའི་དུས་ཚིགས་འདི་དག།

ནམ་ཟླ་འཁྱག་པོའི་གྲང་ངར་གདོང་ལ་ལྕེབ་དུས།།

དགུང་གི་ཟླ་བའི་ཁ་དོག་སེར་པོ་རེད་ཤག།



སེམས་ཀྱི་ལག་རྡང་ལྷོད་པའི་གྲིབ་གཟུགས་དེ་དག།

མིག་ལ་ཚེར་མ་ཐོགས་པའི་མདུང་ཐུང་ཅན་ཚོ།།

ཁ་ཤུ་སྣ་ཤུ་མོད་པའི་ཅང་མེད་འདི་ཚོ།།

ལྷམ་གྱི་ཡུ་བར་ཐོགས་པའི་སེམས་ཁྲལ་ལྷག་མ།།



Friday, January 4, 2019




སྐོར་ལམ་གྱི་བུ་མོ་ཉོབ་ཏོ།


ཞོགས་པ་ཡི་ཉི་འོད་སེར་པོ།།
མཆོད་རྟེན་གྱི་ཡང་རྩེར་འགོས་བྱུང་།།
སྐོར་ལམ་གྱི་བུ་མོ་ཉོབ་ཏོ།།
གཉིད་ཁམས་རང་དྭངས་པོ་ཡོད་དམ།།

མཆོད་རྟེན་གྱི་ཁ་དོག་དཀར་པོ།།
བུ་མོ་ཡི་རངས་མདངས་དཀར་པོ།།
དཀར་མདོག་གི་བཀྲག་མདངས་ཆེ་བས།།
མིག་ཤེལ་གྱིས་བཟོད་ཐབས་མི་འདུག།།

གནག་སྣུམ་གྱི་སྐྲ་ལོ་འཇལ་འཇིལ།།
ཁེར་རྐྱང་གི་གོམ་པའི་ཏིག་སྒྲ།།
སྲབ་མཇམ་གྱི་རས་ལྭ་ལྷབ་ལྷོབ།།
སྤྱན་ཟུང་གི་མིག་ཤེལ་སྨུག་ནག།།

ལག་པ་ལ་ཕྲེང་བའང་མེད་པའི།།
སྐོར་ལམ་གྱི་རྒྱབ་གཟུགས་ཕྲ་མོ།།
འཁྱར་འཁྱོར་གྱིས་གོམ་ཟུང་བཏེག་སྟེ།།
ཅིག་ཞིག་ལ་བསམས་ནས་ཡོད་དམ།།
    
མཆོད་རྟེན་ལ་སེམས་པ་བསྙེས་ཏེ།།
ཁེར་སྐྱོ་ཡི་གདུང་བ་ལྕི་མོ།།
ཞོགས་པ་ཡི་རླུང་པོར་འགྲོགས་ནས།།
སེམས་ཁོངས་ནས་བྱོ་འདོད་ཡིན་ནམ།།


















ཡུལ་ཡུལ་པོ།


རྒྱབ་ཀྱི་གྲིབ་གཟུགས་མི་མཐོང་གནམ་ངོ་རུབ་དུས་འདི་ལ།།
གད་མོར་མདངས་གཅིག་མི་འདུག་སྐྱོ་བའི་འཛུམས་མདངས་རེད་ཤག།།
སྣང་བ་ཁེ་དབང་གཞལ་བའི་མིག་ཟུང་རྒྱབ་ཀྱི་ལྐོག་ལྟ།།
དེ་རིང་སང་ཉིན་བརྩིས་ཏེ་ཁ་སང་བརླགས་ནས་བཏང་འདུག།།

ཡིག་རོར་རུལ་དྲི་འཐུལ་བའི་ཨུ་ཚུགས་དྲེད་ཤ་ཕུད་དུས།།
རིན་ཐང་རིན་ཐང་ཟེར་ནའང་སྐྱི་ལྤགས་ངོས་ཀྱི་སྐད་ཆ།།
ཀ་མད་སུམ་ཅུས་རྡོག་རྫིས་བཏང་བའི་ཨུ་ཤུའི་སྨྲེང་བ།།
ཁ་ནས་འབུད་རེད་ཟེར་ན་དཔྲལ་མགོའི་འོད་མདངས་ཉམས་རོགས།།















ཞོགས་པའི་ཟིན་བྲིས་ཐོར་བུ།


ང་དང་ཁྱོད་ཀྱི་དབར་དུ།

ཤ་དང་རྩ་རྒྱུས་སྦྲེལ་བའི་སྦྲེལ་ཐག་དེ།།
དབུགས་རྒྱུ་ཐོད་ལ་འཕྱོ་བའི་རླངས་པ་ཞིག།།
རྒྱབ་ཀྱི་གཞུག་གུ་རིང་བའི་ཕྱིར་ནུར་དེ།།
ཐབས་ཤེས་གཉིས་པ་ཟེར་བའི་གཡོལ་ས་ཞིག།།


ང་དང་རྩོམ་རིག ད་དུང་བོད་ཡིག།

སྟོང་ཁམས་མཁའ་ལ་འཕྱོ་བའི་གར་སྟེགས་ཤིག་སྟེ།།
ང་དང་ཚོར་བ་གཉིས་པོ་འཇའ་ལུས་གདེངས་འགྲོ།།
ཡ་གིའི་ཕུག་གི་དོན་སྣོད་སྟོང་པར་གཞོགས་པ།།
ཨུ་ཤུའི་ཤུགས་རིང་རྗེས་ནས་ལྷང་ལ་བུད་ཡོད།།


ང་དང་བལ་པོ། དབྱིན་ཡིག་ཀྱང་།

རྨི་ལམ་སྦྲེལ་ཡོད་ང་དང་བལ་པོའི་རྨི་ལམ།།
བརྩེ་བ་སྦྲེལ་ཡོད་ང་དང་དབྱིན་ཡིག་བརྩེ་བ།།
སྙིང་གར་ཅེར་ཡོད་བལ་པོའི་རྒྱལ་དར་ཅེར་ཡོད།།
སེམས་པར་བསྟིམས་ཡོད་སྐྲ་ལོ་སེར་པོར་བསྟིམས་ཡོད།།
12/20/2018 ཞོགས་པར་བྲིས།